(པར་ངོས་གཉིས་པར་མཐུད)སྡོད་ཁང་གི་དགོས་མཁོ་ལེགས་སུ་གཏོང་བའི་སྲིད་ཇུས་ནང་ཁ་གསབ་དོན་ཚན་ཁག་4ཡོད་པ་སྟེ།དང་པོ།ཆ་རྐྱེན་དང་མཐུན་པའི་གྲོང་ཁྱེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་བའི་ལས་བཟོ་བས་སྤྱི་གསོག་མ་དངུལ་བླངས་ནས་གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་གི་ཐོག་མའི་དངུལ་སྤྲོད་པར་སྤྱོད་ཆོག་པ། གཉིས་པ།མི་སྒེར་གྱིས་གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་ཉོས་ཚེ། ཁང་པའི་ཚོང་འགྲིག་རིན་གོང་གི་བརྒྱ་ཆ་8.2ཁ་གསབ་སྤྲོད་རྒྱུ་དང་། མཐོ་ཤོས་སུ་སྒོར་ཁྲི་20ལས་བརྒལ་མི་ཆོག་པ། གསུམ་པ།ས་ཁང་བདག་ཁོངས་ཁེ་ལས་ཀྱིས་དངུལ་ཁང་གི་འགན་ལེན་ཡི་གེ་སྤྱད་དེ་གྲངས་ཚད་གཅིག་མཚུངས་ཀྱི་སྔོན་འཚོང་ལྟ་སྐུལ་དོ་དམ་གྱི་མ་དངུལ་བརྗེ་ཆོག་པ་དང་།བརྗེ་གྲངས་དེ་ལྟ་སྐུལ་དོ་དམ་རྩིས་ཐོའི་ནང་ལས་མཇུག་འགྲིལ་ནས་རྩིས་སྤྲོད་བྱེད་པར་མཁོ་བའི་མ་དངུལ་གྲངས་ཀྱི་བརྒྱ་ཆ་30ལས་བརྒལ་མི་ཆོག་པ། ས་ཁང་བདག་ཁོངས་གསར་སྤེལ་གཉེར་སྐྱོང་ཁེ་ལས་ཀྱི་སྔོན་འཚོང་མ་དངུལ་གཙོ་གནད་ལྟ་སྐུལ་དོ་དམ་གྱི་གྲངས་ཚད་དེ་ལས་གྲྭ་འཛུགས་སྐྲུན་གྱི་མ་དངུལ་གྱི་ལྡབ་1.1ནས་ལྡབ་1ལ་ལེགས་སྒྲིག་བྱ་རྒྱུ་ཡིན་པ་བཅས་རེད། ཁང་པ་ཉོ་བའི་ཁ་གསབ་ནི་མི་གཅིག་ལ་ཐེངས་གཅིག་རང་ལེན་ཆོག་པ་དང་།ཁང་པ་གཅིག་ལ་ཐེངས་གཅིག་རང་ལེན་ཆོག་གི་ཡོད།ཁང་པ་ཉོ་བའི་ཁ་གསབ་རེ་ཞུར་ཚང་དགོས་པའི་ཆ་རྐྱེན་ནི《གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་ཉོ་མཁན་གྱི་ཁ་གསབ་རེ་ཞུའི་རེའུ་མིག》གི་མ་ཡིག་དང་།ལྷ་ས་གྲོང་ཁྱེར་ཁང་ཁོངས་དོ་དམ་ཅུས་ཀྱིས་དྲ་ཐོག་ནས་ཐོ་འགོད་སྙན་སེང་ཞུས་པའི《བོད་རང་སྐྱོང་ལྗོངས་ཀྱི་ཚོང་ཟོག་སྡོད་ཁང(སྔོན་འཚོང)ཉོ་ཚོང་གན་རྒྱ》 ཁང་པ་ཉོ་མཁན་གྱི་ཐོབ་ཐང་ལག་ཁྱེར་གྱི་རྒྱབ་མདུན་གཉིས་ཀའི་འདྲ་བཤུས། དངུལ་ཁང་གཱ་བཅས་བཞི་ཡོད་པ་དང་། ཡིད་གཟབ་བྱེད་དགོས་པ་ཞིག་ལ་དངུལ་ཁང་གཱ་བདག་མཁན་གྱི་མིང་དང་དྲ་ཐོག་ནས་ཐོ་འགོད་སྙན་སེང་ཞུས་པའི་ཆ་འཕྲིན་གཅིག་མཚུངས་དགོས་ཀྱི་ཡོད།ཁང་པ་ཉོ་མཁན་གྱིས་དཔྱད་གཞིའི་ཡིག་ཆ་ཕུལ་ནས་ཁ་གསབ་དངུལ་སྤྲད་པའི་བར་སྔོན་དཔག་བྱས་ན་ཟླ་བ་གཅིག་གི་ནང་ཚུན་ལེགས་གྲུབ་ཡོངབར་བྱ་རྒྱུ་རེད།
རླངས་འཁོར་གྱི་འཛད་སྤྱོད་བྱ་ཤུགས་ཆེར་རུ་གཏོང་བའི་སྲིད་ཇུས་ལག་བསྟར་ཤུགས་ཆེན་བྱེད་པའི་ནང་ཁ་གསབ་དོན་ཚན་1ཡོད་པ་སྟེ།མི་སྒེར་གྱི་འཛད་སྤྱོད་པར་ལྷ་ས་གྲོང་ཁྱེར་ནས་རླངས་འཁོར་གསར་པ(འཁོར་སྐྱོད་ཚོང་གཉེར་གྱི་རླངས་འཁོར་དང་རླངས་འཁོར་རྙིང་པ་ཚུད་མེད)ཉོ་སྐབས་རླངས་འཁོར་ཉོ་བའི་ཁ་གསབ་སྤྲོད་ཀྱི་ཡོད་པ་རེད། ཁ་གསབ་ཀྱི་ཚད་གཞི་ནི། རླངས་འཁོར་གྱི་རིན་གོང་དེ་གཞི་འཛིན་སའི་རིན་གོང་དུ་བྱས་ཏེ་རིམ་པ་གཉིས་སུ་གཏན་འཁེལ་བྱས་པ་སྟེ།སྒོར་ཁྲི་10ནང་ཚུན་དུ་སྒོར་10000གི་ཁ་གསབ་ཐེངས་གཅིག་སྤྲོད་རྒྱུ་དང་།སྒོར་ཁྲི་10དང་དེ་ཡན་ལ་སྒོར་20000ཀྱི་ཁ་གསབ་ཐེངས་གཅིག་སྤྲོད་རྒྱུ། ཁ་གསབ་ལེན་པའི་ཆ་རྐྱེན་ནི། འཛད་སྤྱོད་པས་རླངས་འཁོར་ཉོ་བའི་དཔང་ཡིག་འདོན་སྤྲོད་བྱེད་དགོས་པ་དང་། ཞིབ་བཤེར་བྱས་པ་བརྒྱུད་ཁ་གསབ་སྤྲོད་རྒྱུ།བྱེད་སྒོའི་རིང་འཛད་སྤྱོད་པས་ལེ་ལག་ཚང་བའི་སྒྲིག་འཛུགས་ཀྱི་རླངས་འཁོར་འགྲེམས་སྟོན་གྱི་བྱེད་སྒོ་དང་འབྲེལ་ཁེ་ལས་ཀྱི་རླངས་འཁོར་གྱི་རིན་གོང་གཅོག་པའི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་བྱེད་ཆོག་གི་ཡོད།
ཁྱིམ་ཆས་འཛད་སྤྱོད་བྱ་ཤུགས་ཆེར་རུ་གཏོང་བའི་སྲིད་ཇུས་ནང་ཁ་གསབ་དོན་ཚན་1ཡོད་པ་སྟེ།མི་སྒེར་གྱི་འཛད་སྤྱོད་པར་ལྷ་ས་གྲོང་ཁྱེར་ནས་གནོད་མེད་ཀྱི་ཁྱིམ་སྤྱོད་གློག་ཆས་དང་། ཁོར་ཡུག་སྲུང་སྐྱོང་གི་ཁྱིམ་ཆས། 3Cགྲངས་འཛིན་གློག་རྡུལ་སོགས་ཐོན་རྫས་ཉོ་སྐབས་འཛད་སྤྱོད་ཁ་གསབ་སྤྲོད་ཀྱི་ཡོད། ཁ་གསབ་ཀྱི་ཚད་གཞི་ནི་སྒོར་1000འཛད་སྤྱོད་བྱས་ན་སྒོར་200ཁ་གསབ་སྤྲོད་རྒྱུ་དང་། སྒོར་2000འཛད་སྤྱོད་བྱས་ན་སྒོར་400ཁ་གསབ་སྤྲོད་རྒྱུ།སྒོར་5000འཛད་སྤྱོད་བྱས་ན་སྒོར་1000ཁ་གསབ་སྤྲོད་རྒྱུ།
ཡུལ་ཁོངས་ཡུལ་སྐོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ནང་ཁ་གསབ་དོན་ཚན་4ཡོད་པ་སྟེ།དང་པོ།ཡུལ་སྐོར་ལས་དོན་ཁང་ལ་དམིགས་ནས། ཡུལ་སྐོར་ལས་དོན་ཁང་གིས་ལྗོངས་ཕྱི་རོལ་གྱི་མི་15ཡན་ལྷ་སར་ཡུལ་སྐོར་དུ་ཁྲིད་པར་ཡུལ་སྐོར་ལས་དོན་ཁང་ལ་མི་རེར་ཐེངས་རེར་སྒོར་40ཡི་ཁ་གསབ་སྤྲོད་རྒྱུ་དང་།ཡུལ་སྐོར་ལས་དོན་ཁང་རེར་ལོ་ཧྲིལ་པོར་རིམ་རྩིས་བྱས་ན་སྤྲོད་པའི་གསབ་དངུལ་སྒོར་ཁྲི་20ལས་བརྒལ་མི་ཆོག་པ། གཉིས་པ།ཡུལ་སྐོར་བའི་ཞག་སྡོད་ལ་དམིགས་ནས་གྲོང་ཁྱེར་ཡོངས་ཀྱི་སྐར་མ་རིམ་པའི་གསོལ་མགྲོན་ཁང་དང་། གསེར་དང་།དངུལ།ཟངས་བཅས་ཀྱི་རིམ་པའི་ཁྱིམ་ཚང་མགྲོན་ཁང་། ཀ་ཁ་ག་རིམ་པའི་ཁྱིམ་ཚང་མགྲོན་ཁང་བཅས་སུ་བསྟུད་མར་ཞག་པོ་གསུམ་དང་དེ་ཡན་གྱི་ཞག་སྡོད་ཡུལ་སྐོར་བར་ཉིན་རེར་ཁང་པ་རེར་སྒོར་100ཡི་ཁ་གསབ་སྤྲོད་རྒྱུ་དང་རིམ་རྩིས་བྱས་ན་སྒོར་400ལས་བརྒལ་མི་ཆོག་པ། གསུམ་པ།ཡུལ་སྐོར་བ་ལྷ་སར་ཡུལ་སྐོར་བྱེད་པར་དམིགས་ནས་ཡུལ་སྐོར་བ་ལ་གནས་མཆོག་ལྷ་སའི་རིན་གོང་གཅོག་པའི་ལྷད་མེད་གྲངས་འཛིན་ཡུལ་སྐོར་གཱ་ཁྲི་1སྤྲོད་རྒྱུ། གནས་མཆོག་ལྷ་སའི་རིན་གོང་གཅོག་པའི་ལྷད་མེད་གྲངས་འཛིན་ཡུལ་སྐོར་གཱ་ནང་གནམ་མཚོའི་བཀྲ་ཤིས་གླིང་ཕྲན་དང་། ནོར་བུ་གླིང་ཁ། བོད་ཁོངས་སྐར་མའི་གོ་ལའི་གནམ་རིག་ཉམས་ལེན་ཁང་། སྟག་གདོང་གྲོང་ཚོ(སྟག་གདོང་ཆུ་ཚན)ཁང་དམར་ཆུ་ཚན་སོགས་མཛེས་ལྗོངས་ཁུལ་ཚུད་ཡོད། བཞི་པ།སློབ་གྲྭར་ཡོད་པའི་སློབ་ཆེན་སློབ་མར་དམིགས་ནས་ལྷ་སར་ཡུལ་སྐོར་བྱེད་པར་ཡོང་མཁན་སློབ་གྲྭར་འགྲོ་བཞིན་པའི་སློབ་ཆེན་སློབ་མར་ཟླ་རེར་རིན་ཐང་སྒོར་2000ཡོད་པའི་ཡུལ་སྐོར་ལམ་འགྲོའི་གཱ་200རིན་མི་དགོས་པར་སྤྲད་ནས་ལྷ་སར་ཞག་སྡོད་དང་ཉོ་སྒྲུབ་ཀྱི་འཛད་སྤྱོད་བྱེད་པར་སྤྱོད་ཆོག་གི་ཡོད། དེ་དང་ཆབས་ཅིག་ལྷ་ས་གྲོང་ཁུལ་ནས་གནམ་མཚོའི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་བར་གྱི་ཡུལ་སྐོར་ཆེད་སྤྱོད་ལམ་ཐིག་ཤར་གཏོང་ཐུབ་ནས་གནམ་མཚོའི་ལྷ་སའི་མཛེས་ལྗོངས་ཁུལ་གྱི་སྤ་སེའམ་ཡང་ན་གནས་མཆོག་ལྷ་སའི་རིན་གོང་གཅོག་པའི་ལྷད་མེད་གྲངས་འཛིན་ཡུལ་སྐོར་གཱ་ལ་བརྟེན་ནས་རིན་མེད་ངང་རླངས་འཁོར་ལ་སྡོད་ཆོག་གི་ཡོད།
ལྷ་ས་གྲོང་ཁྱེར་གྱི་རླངས་འཁོར་གཏོང་ས་ནི། གནས་ཚང་གསོལ་མགྲོན་ཁང་གི་ཐང་ཆེན་ཡིན། རླངས་འཁོར་གཏོང་བའི་དུས་ཚོད་ནི། ཉིན་རེའི་ཆུ་ཚོད་8:00དང་8:30དང་། མཛེས་ལྗོངས་ཁུལ་གྱི་རླངས་འཁོར་གཏོང་ས་ནི་གནམ་མཚོའི་ཡུལ་སྐོར་བའི་བསྡུ་འགྲེམས་ལྟེ་གནས་ཡིན་པ་དང་། རླངས་འཁོར་གཏོང་བའི་དུས་ཚོད་ནི་ཉིན་རེའི་ཆུ་ཚོད་16:00དང་16:30ཡིན་པ་རེད། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་རྫོགས་ལྡན་གྱི་དུས་ནི(ཟླ་5ཚེས་1ཉིན་ནས་ཟླ་10ཚེས་31ཉིན་བར)ཡིན་པ་དང་སྤ་སེའི་རིན་གོང་མི་རེར་སྒོར་210ཡིན། ཡུལ་སྐོར་བ་ཉུང་བའི་དུས་ནི(ཟླ་11ཚེས་1ཉིན་ནས་ཕྱི་ལོའི་ཟླ་4ཚེས་30ཉིན་བར)ཡིན་པ་དང་སྤ་སེའི་རིན་གོང་མི་རེར་སྒོར་145ཡིན།སྤ་སེའི་རིན་གོང་ནང་ལྷ་ས་ནས་གནམ་མཚོའི་མཛེས་ལྗོངས་ཁུལ་བར་གྱི་ཕར་འགྲོ་ཚུར་འོང་གི་འགྲིམ་འགྲུལ་སྤ་སེ་དང་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་སྤ་སེའི་རིན་གོང་ཚུད་ཡོད་པས། མཛེས་ལྗོངས་ཁུལ་གྱི་ཐད་གཏོང་རླངས་འཁོར་གྱིས་ལྷ་ས་ནས་གནམ་མཚོའི་མཛེས་ལྗོངས་ཁུལ་བར་གྱི་ཕར་འགྲོ་ཚུར་འོང་གི་འགྲིམ་འགྲུལ་སྤ་སེ་དང་ཡང་ན་ཕྱོགས་རྐྱང་པའི་སྤ་སེ་འཚོང་གི་མེད།
ཁྲོམ་རའི་བྱེད་པོ་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བའི་སྲིད་ཇུས་ནང་ཁ་གསབ་དོན་ཚན་4ཡོད་པ་སྟེ།དང་པོ།མཛོད་ཁང་དུ་གསར་དུ་བཅུག་པར་མ་ཟད་ལོ་འཁོར་གྱི་ཐོན་རྫས་རིན་ཐང་སྒོར་ཁྲི་3000དང་དེ་ཡན་ཟིན་པའི་ཐོབ་ཐང་རིམ་པའི་འཛུགས་སྐྲུན་དང་ས་ཁང་བདག་ཁོངས་གསར་སྤེལ་གཉེར་སྐྱོང་ཁེ་ལས་ལ་བྱ་དགའ་སྒོར་ཁྲི་20ཐེངས་གཅིག་སྤྲོད་ཀྱི་ཡོད། གཉིས་པ།ཟླ་རེར་སིལ་ཚོང་སྒོར་གྲངས(བཟའ་བཏུང་སྒོར་གྲངས)བརྒྱ་ཆ་15དང་དེ་ཡན་འཕར་བར་མ་ཟད་འཕར་ཚད་ཀྱི་གཞི་ཁྱོན་དེ་རིམ་པ་10ཡི་མདུན་གྲལ་ཚད་བཀག་ཁེ་ལས་ལ་ཆེས་མཐོ་བའི་སྒོར་ཁྲི་15སྤྲོད་ཀྱི་ཡོད།གསུམ་པ།གསར་དུ་མཛོད་བཅུག་ཚོང་དོན་ཚན་པར་བྱ་དགའ་སྒོར་ཁྲི་10ཐེངས་གཅིག་སྤྲོད་ཀྱི་ཡོད།གསར་དུ་འཕར་བའི་མཛོད་འཇུག་བྱས་པའི་ཉོ་ཚོང་ཚན་པར་བྱ་དགའ་སྒོར་ཁྲི་10ཐེངས་གཅིག་དང་། ལོ་འདིའི་ནང་ཐོན་སྐྱེད་གཉེར་སྐྱོང་དངུལ་བུན་ལ་སྐྱེད་ཀ་བརྒྱ་ཆ་50སྤྲོད་རྒྱུ།གསར་དུ་མཛོད་འཇུག་བྱས་པའི་ཞབས་ཞུའི་ལས་རིགས་ཁེ་ལས་ལ་བྱ་དགའ་སྒོར་ཁྲི་10ཐེངས་གཅིག་སྤྲོད་རྒྱུ།ལོ་འདིའི་ནང་ཐོན་སྐྱེད་གཉེར་སྐྱོང་དངུལ་བུན་ལ་སྐྱེད་ཀ་བརྒྱ་ཆ་50སྤྲོད་རྒྱུ།སྲིད་གཞུང་གི་ཉོ་སྒྲུབ་ལས་གྲྭའི་རྣམ་གྲངས་ཀྱིས་ཁེ་ལས་འབྲིང་ཆུང་ལ་ཁ་ཕྱོགས་པའི་སྐལ་གྲངས་བརྒྱ་ཆ་30ཡན་ནས་བརྒྱ་ཆ་40ཡན་བར་མཐོ་རུ་གཏོང་རྒྱུ་བཅས་རེད།
གོང་གསལ་ཁ་གསབ་སྲིད་ཇུས་ཁག་8ཀྱི་དོན་ཚན་23ནི་མང་ཚོགས་དང་དེ་བཞིན་ཁེ་ལས་དང་འབྲེལ་བ་དམ་ཟབ་ཡོད་པ་དང་། སྲིད་ཇུས་ལག་བསྟར་བྱ་ཤུགས་ཆེ་བའི་ཁར་ཁྱབ་ཁོངས་རྒྱ་ཆེ་བ་དེའི་ཐོག་ནས་སྲིད་གཞུང་གིས་དམངས་འཚོར་དོ་ཁུར་དང་ཁེ་ལས་ལ་མཐོང་ཆེན་བྱེད་པ་མཚོན་པར་མ་ཟད།སྲིད་གཞུང་དང་ཁེ་ལས་མཉམ་འགུལ་གྱི་ཐོག་ནས་དཔལ་འབྱོར་བསྐྱར་འཕར་ཡག་པོ་ཡོང་བར་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་ཀྱང་མཚོན་ཡོད། ཕྱིས་འབྱུང་གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་བཏང་ནས་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཟབ་ཏུ་བཏང་སྟེ། ཁ་གསབ་སྲིད་ཇུས་ཁག་དོན་འཁྱོལ་ཞིབ་ཚགས་དང་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ཁེ་ལས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་བསྐྲུན་ནས་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སྔོན་དཔག་ལྟར་ཐུབ་པར་བྱ་རྒྱུ་རེད།(པདྨ་རྒྱལ་དང་ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社