分享按钮

སྟོད་ལུང་བདེ་ཆེན་ཆུས་ཁྲིམས་འཛིན་ཅུས་ཀྱིས།

ཁྲིམས་སྐྱོང་ལག་ལེན་བསྟར་ནས་དམངས་ཀྱི་ཆེད་དུ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པས་སྟོད་ལུང་བདེ་ཆེན་ཆུས་ཁྲིམས་འཛིན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཁྱེར་ཡོངས་ཀྱི་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་སྤེལ་ཚུན་ཅུས་དེས་དུས་རབས་གསར་པའི་ཧྥེང་ཆའོ་ཉམས་མྱོང་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བ་དང་སྟོང་ལུང་བདེ་ཆེན་ཆུས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་གཞི་རྟེན་དུ་བྱས་ཏེ་མི་དམངས་མང་ཚོགས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་བཅའ་ཁྲིམས་ཞབས་ཞུའི་དགོས་མཁོར་དམིགས་ཏེ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཀུན་ཕན་འདྲ་མཉམ་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་གི་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད།

སྟོང་ལུང་བདེ་ཆེན་ཆུས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་དེ་2018ལོའི་ཟླ་4པར་བཙུགས་པ་དང་2023ལོའི་ཟླ་11པར་སྟོང་ལུང་བདེ་ཆེན་ཆུས་མཐུན་སྒྲིལ་ལམ་དུ་གནས་སྤོས་པ་དང་འབྲེལ་ཁྲོམ་གཞུང་དང་ཐག་ཉེ་ལ་འགྲིམ་འགྲུལ་སྟབས་བདེ་དང་མི་སྣ་འགྲོ་འོང་བྱེད་བདེ་བའི་གནས་སུ་ཞབས་ཞུའི་ཚོམས་ཆེན་བཙུགས་ཡོད་པ་རེད། ཚོམས་ཆེན་དེ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་དང་བཅའ་ཁྲིམས་རོཊ་སྐྱོར་ལྟེ་གནས་ཁག་ཆེན་པོ་གཉིས་སུ་དབྱེ་ཡོད་པ་དང་གཞུང་ལས་ཁང་དང་། ཞབས་ཞུའི་ཁུལ། སྒུག་སྡོད་ཁུལ་སོགས་ཀྱི་ས་ཁོངས་ཡོད་པ་དང་བཅའ་ཁྲིམས་ཡིག་ཆ་ཚབ་འབྲི་དང་། མི་དམངས་འདུམ་འགྲིག གཞུང་དཔང་དོན་ཚན་བསྒྲུབ་པ། བཅའ་ཁྲིམས་རོགས་སྐྱོར་སོགས་ཀྱི་བྱེད་ནུས་སྐར་ཁུང་ཡོད་པས་མང་ཚོགས་ལ་ཕྱོགས་བསྡུས་རང་བཞིན་དང་། སྐར་ཁུང་ཅན། གཅིག་འཐུས་རྣམ་པའི་བཅའ་ཁྲིམས་ཞབས་ཞུ་ནུས་ལྡན་མཁོ་འདོན་བྱེད་ཐུབ།

ཚོམས་ཆེན་ནང་ལས་དོན་པས་སྤྲོ་སེམས་འཁོལ་བའི་ངང་ལས་སྒོ་གཉེར་བར་ཡོང་བའི་གྲོང་མི་མང་ཚོགས་ལ་ཞབས་འདེགས་ཞུ་བཞིན་ཡོད་པ་རེད།དེ་ཉིན་སྟོང་ལུང་བདེ་ཆེན་ཆུས་ཀྱི་ཁོངས་གཏོགས་ཁུལ་གྱི་ལས་མི་ཁག་གཅིག་གིས་གླ་ཆ་འགྱངས་ཆད་བྱས་པས་རེ་ཞུ་ཐེངས་མང་བྱས་ཀྱང་ཕན་འབྲས་མ་བྱུང་བས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་ལྟེ་གནས་སུ་ཡོང་ནས་རོགས་རམ་ཡོང་ཐབས་བྱས་པ་དང་ལྟེ་གནས་དེའི་ལས་དོན་པས་ལས་མི་ཁག་གི་རེ་འདུན་ཤེས་རྟོགས་བྱས་རྗེས་ངང་རྒྱུད་རིང་པོས་ཁོང་ཚོར་སེམས་གསོ་བྱེད་པ་དང་ཆབས་ཅིག་ཁོང་ཚོར་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་བཏང་ནས་བཅའ་ཁྲིམས་ཀྱི་ཐབས་ལམ་བརྒྱུད་ཁེ་དབང་སྲུང་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་འགྱངས་ཆད་བྱས་པའི་ངལ་རྩོལ་གླ་ཆ་བདའ་འདེད་གཏོང་རྒྱུ་ཡིན་པ་རེད། ལས་མི་ལི་ལགས་ཀྱིས་ང་ཚོས་ཆུ་གློག་སྒྲིག་སྦྱོར་གྱི་ལས་ཀ་བྱེད་ཀྱི་ཡོད་ཀྱང་གླ་ཕོགས་མ་རག་པས་དེར་བརྟེན་སེམས་ཁྲལ་ཆེན་པོ་བྱུང་། དེ་རིང་ལྟེ་གནས་སུ་བཅའ་ཁྲིམས་བློ་འདྲི་བྱེད་པར་ཡོང་ཞིང་། ལས་དོན་པས་ང་ཚོར་འབྲེལ་ཡོད་བཅའ་ཁྲིམས་ཀྱི་བརྒྱུད་རིམ་གསལ་བཤད་ཞིབ་ཕྲ་བྱས་པས་ང་ཚོར་སྟབས་བདེའི་བཅའ་ཁྲིམས་ཞབས་ཞུ་བསྒྲུབས་བྱུང་ཞེས་བཤད།

སྟོད་ལུང་བདེ་ཆེན་ཆུས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས་སུ་ད་དུང་རང་འདེམས་སྤྱི་པའི་ཞབས་ཞུའི་ལས་སྟེགས་བཀོད་སྒྲིག་བྱས་ཡོད་པས་མི་མང་བའི་སྐབས་སུ་གྲོང་མི་མང་ཚོགས་ཀྱིས་སྔོན་ལ་སྒྲིག་ཆས་དེའི་ཐོག་འདྲི་རྩད་དང་། ཤེས་རྟོགས། བློ་འདྲི་སོགས་ཀྱི་ཞབས་ཞུ་བྱེད་ཆོག་གི་ཡོད་པ་རེད། དུས་རྒྱུན་ཚོམས་ཆེན་གྱི་བརྙན་ཤེལ་ཆེན་པོའི་ཐོག་ད་དུང་བཅའ་ཁྲིམས་ཁྲིམས་སྲོལ་དང་། སྲིད་ཇུས་གསལ་འགྲེལ། དེ་བཞིན་བཅའ་ཁྲིམས་ཁྱབ་གདལ་དྲིལ་བསྒྲགས་བརྙན་ལམ་སོགས་ཀྱི་ནང་དོན་ཡང་སྐོར་བསྐྱར་སྐོར་ངང་སྟོན་གྱི་ཡོད་པ་རེད།འདི་ལོའི་ལོ་འགོ་ནས་ད་བར་ང་ཚོའི་ལྟེ་གནས་ཀྱིས་ས་གནས་ས་ཐོག་ཏུ་འདུམ་འགྲིག་ཐེངས་3བྱས་པ་དང་འབྲེལ་དྲ་ཐོག་གི་རྣམ་པའི་ཐོག་ནས་འདུམ་འགྲིག་ཐེངས་10ལྷག་ཙམ་བྱས་ཏེ་ཁྱོན་བློ་འདྲི་དང་རོགས་སྐྱོར་བྱེད་དགོས་པའི་གནད་དོན་སྣ་ཚོགས་300ལྷག་ཙམ་བདག་སྤྲོད་བྱས་ཡོད། རྒྱ་ཆེའི་མང་ཚོགས་ལ་དགོས་མཁོ་ཡོད་པར་མ་ཟད་བཅའ་ཁྲིམས་རོགས་སྐྱོར་གྱི་ཁྱབ་ཁོངས་དང་མཐུན་ཚེ་ང་ཚོས་ནུས་ཤུགས་ཡོད་རྒུས་རིན་མེད་ངང་བཅའ་ཁྲིམས་རོགས་སྐྱོར་དང་བཅའ་ཁྲིམས་ཡིག་ཆ་ཚབ་འབྲིའི་ཞབས་ཞུ་བསྒྲུབས་ནས་ཚང་མར་དངོས་ཡོད་གནད་དོན་ཐག་གཅོད་བྱེད་རོགས་བྱ་རྒྱུ་ཡིན་ཞེས་བཤད།

སླད་ཕྱིན་སྟོད་ལུང་བདེ་ཆེན་ཆུས་ཁྲིམས་འཛིན་ཅུས་ཀྱིས་དམངས་ཀྱི་ཆེད་དུ་སྲིད་དོན་སྒྲུབ་པའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ནས་སྤྱི་པའི་བཅའ་ཁྲིམས་ཐོན་ཁུངས་གཅིག་གྱུར་འཆར་འགོད་དང་བསྡུ་སྒྲིལ་བྱས་ཏེ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མཁོ་སྤྲོད་ལེགས་སུ་དང་ཕུན་སུམ་ཚོགས་སུ་གཏོང་བ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ཐབས་ལམ་རྒྱ་ཆེར་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དང་། སྤུས་ལེགས་སྟབས་བདེ་དང་ནུས་ཆེ། ཆ་སྙོམས་ཀུན་ཕན།དུས་དང་བར་སྟོང་ཡོངས་དང་ཁྱབ་ཁོངས་ཡོངས་ཀྱི་དེང་རབས་ཀྱི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་གིས་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་གཏོང་རྒྱུ་དང་། བཅའ་ཁྲིམས་ཞབས་ཞུའི་ཐོག་ནས་མི་དམངས་མང་ཚོགས་ཀྱི་རིམ་པ་མང་བ་དང་སྣ་མང་ཅན་གྱི་དགོས་མཁོ་སྔར་ལས་ལེགས་པར་སྐོང་ཐུབ་པར་བྱས་ཏེ་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་རྒྱུ་ཡིན་པ་རེད། (སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-18 སྟོད་ལུང་བདེ་ཆེན་ཆུས་ཁྲིམས་འཛིན་ཅུས་ཀྱིས། 6 6 拉萨日报藏文 c182800.html 1 ཁྲིམས་སྐྱོང་ལག་ལེན་བསྟར་ནས་དམངས་ཀྱི་ཆེད་དུ་སྤྱི་པའི་བཅའ་ཁྲིམས་ཞབས་ཞུ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ། /enpproperty-->