ཟླ་6ཚེས་1ཉིན། “ལྷ་ས་གྲོང་ཁྱེར་གྱིས་དཔལ་འབྱོར་ཐད་སྐུལ་འདེད་གཏོང་བའི་དམངས་ཕན་དང་ཁེ་ལས་ལ་རོགས་སྐྱོར་བྱེད་པའི་སྲིད་ཇུས་དོན་ཚན་བརྒྱད”ཡོངས་བསྒྲགས་བྱས་རྗེས། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་འབྲེལ་ཡོད་སྲིད་ཇུས་ལག་བསྟར་བྱ་ཡག་པོ་དང་སྒྲིག་འཛུགས་ཧུར་ཐག་བྱ་ཆེད། གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་རྫོང(ཆུས)ཁག་དང་ནུས་པའི་གླིང་ཁུལ་ཁག་ལ་སིལ་ཚོང་འཛད་སྤྱོད་ཀྱི་འཛིན་ཤོག་དང་། རླངས་འཁོར་ཉོ་བའི་ཁ་གསབ། ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་གསར་པ་ཉོ་བར་ཁ་གསབ་སྤྲོད་པ་བཅས་བྱེད་སྒོ་གསུམ་གྱི་བེད་སྤྱོད་ཞིབ་སྲོལ་གསུམ་དང་གྲོང་ཁྱེར་རིམ་པའི་མ་དངུལ་བཀོད་སྒྲིག་ཇུས་གཞི་བཟོས་ནས་ཁ་གསབ་ཀྱི་ཚད་གཞི་དང་། ལག་བསྟར་གྱི་ཁྱབ་ཁོངས། མ་དངུལ་བཀོད་སྒྲིག་གི་གྲངས་ཚད་བཅས་གཏན་འཁེལ་ཁ་གསལ་བྱས་ཡོད། མ་ཟད་ལས་ཀའི་ཐད་བླང་བྱ་ཞིབ་ཕྲ་བཏོན་ནས་རྫོང(ཆུས)ཁག་དང་ནུས་པའི་གླིང་ཁུལ་ཁག་གིས་སྲིད་ཇུས་ཁག་ཚད་གཞི་མཐུན་ཞིང་ཚད་ལྡན་ལྟར་དོན་འཁྱོལ་བྱ་རྒྱུར་མཛུབ་ཁྲིད་བྱས་པ་རེད།
རེས་སྐོར་འདིའི་སྲིད་ཇུས་ལག་བསྟར་བྱེད་པའི་དུས་ཚོད་ནི། 2024ལོའི་ཟླ་6ཚེས་1ཉིན་ནས་ཟླ་12ཚེས་31ཉིན་བར་ཡིན་པའམ་ཡང་ན་ཁ་གསབ་ཀྱི་མ་དངུལ་བེད་སྤྱོད་བྱས་ཚར་བའི་བར་ཡིན་པ་རེད། དེའི་རིང་གྲོང་ཁྱེར་ཚོང་དོན་ཅུས་ཀྱིས་གཙོ་བོ་རླངས་འཁོར་དང་། ཁྱིམ་སྤྱོད་གློག་ཆས། ཁྱིམ་ཆས། བཟའ་བཅའ། བཟོས་གྲུབ་སྣུམ་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་ཆེད་དོན་བྱེད་སྒོ་དེར་སྒྲིག་འཛུགས་བྱས་ནས་སྤེལ་ཡོད་པ་རེད། རྫོང(ཆུས)ཁག་དང་ནུས་པའི་གླིང་ཁུལ་ཁག་གིས་ཞིབ་ཕྲའི་སྒོ་ནས་ལག་བསྟར་བྱེད་པ་དང་། ལག་བསྟར་བྱེད་སྟངས་ནི་ས་ཁོངས་སོ་སོས་དོན་དངོས་དང་ཟུང་འབྲེལ་བྱས་ནས་རང་ཉིད་ཀྱིས་ཐག་གཅོད་བྱེད་དགོས། རྒྱ་ཆེའི་མང་ཚོགས་ཀྱིས་རང་སོ་སོའི་རྫོང(ཆུས)ཁག་དང་ནུས་པའི་གླིང་ཁུལ་གྱིས་ཁྱབ་བསྒྲགས་བྱས་པའི་བྱེད་སྒོའི་བརྡ་ཐོར་དོ་སྣང་བྱེད་དགོས་པར་མ་ཟད། སྤྱི་ཚོགས་ཀྱི་ལྟ་སྐུལ་ནང་ཧུར་ཐག་ཞུགས་ནས་མང་ཚོགས་ལ་ཕན་ཐོགས་པ་དང་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
གཅིག ཚོང་ཟོག་འཛད་སྤྱོད་ཀྱི་འཛིན་ཤོག་སྤྲོད་པ།
ལོངས་སྤྱོད་ཀྱི་ཁྱབ་ཁོངས་ནི། འཛད་སྤྱོད་པ་ཚོང་ཁང་དུ་འཛད་སྤྱོད་བྱེད་པར་ཡོང་རྒྱུར་སྐུལ་མ་གཏོང་རྒྱུ་དང་། ལག་ཐོགས་ཁ་པར་ལས་ལྷ་སར་གནས་གཏན་འཁེལ་བྱས་པ་མ་ཟད། མིང་ངོ་མ་བདེན་དཔང་ར་སྤྲོད་ལེགས་གྲུབ་བྱུང་བའི་མི་སྒེར་གྱི་འཛད་སྤྱོད་པས་བཟའ་བཏུང་དང་། ཚོང་ལས། སྒོ་རྩིས་ཚོང་ཁང་། སྣུམ་སྣོན་སོགས་སིལ་ཚོང་ལས་རིགས་སུ་འཛད་སྤྱོད་བྱས་ཆོག འཛད་སྤྱོད་ཀྱི་དངུལ་གྲངས་ལ་གཞིགས་ནས་རིམ་པ་བཞིར་དབྱེ་ནས་ཁ་གསབ་ཉུང་གཏོང་བྱ་རྒྱུ་དང་། མི་རེས་མང་ཤོས་སུ་ཁ་གསབ་ཐེངས་2ལོངས་སྤྱོད་བྱ་ཆོག མངགས་ཐོ་རེ་རེ་ཐེངས་རེ་ལས་སྤྱོད་རྒྱུ་མེད་ལ་སྤྱོད་ཐེངས་གཅིག་ལས་མེད།
ཁ་གསབ་ཀྱི་ཚད་གཞི་ནི། སྒོར་200ཟིན་ན་ཁ་གསབ་སྒོར་60དང་། སྒོར་300ཟིན་ན་ཁ་གསབ་སྒོར་100 སྒོར་500ཟིན་ན་ཁ་གསབ་སྒོར་200 སྒོར་1000ཟིན་ན་ཁ་གསབ་སྒོར་500ཡོད།
གཉིས། ཆེད་སྤྱོད་འཛད་སྤྱོད་ཀྱི་འཛིན་ཤོག་སྤྲོད་པ།
བྱེད་སྒོའི་རིང་། ཚོང་ལས་དང་། སྒོ་རྩིས་ཚོང་ཁང་། བཟའ་བཏུང་སོཊ་ཀྱི་ཁེ་ལས་ཀྱིས་ས་གནས་དེ་གའི་བཟའ་བཅའ་དང་། བཏུང་བྱ། ཉེར་མཁོའི་དངོས་རྫས་བཅས“གཅིག་ཉོས་ན་གཅིག་སྤྲོད་པའི”བྲིན་སྐུལ་གྱི་བྱེད་སྒོ་སྒྲིག་འཛུཊ་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ་འཛད་སྤྱོད་པ་ཚོང་ཁང་དུ་ཡོང་ནས་བྲིན་སྐུལ་ཚོང་ཟོག་ཉོ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་པ།
གསུམ། རླངས་འཁོར་ཉོ་མཁན་ལ་ཁ་གསབ་སྤྲོད་པ།
མི་སྒེར་གྱི་འཛད་སྤྱོད་པས་ལྷ་ས་གྲོང་ཁྱེར་ནས་རླངས་འཁོར་གསར་པ(འཁོར་སྐྱོད་ཚོང་གཉེར་གྱི་རླངས་འཁོར་དང་ཉིས་བརྒྱུད་རླངས་འཁོར་ཚུད་མེད)ཉོས་ཚེ་ཁ་གསབ་སྤྲོད་རྒྱུ་ཡིན་པ།
ཁ་གསབ་ཀྱི་ཚད་གཞི་ནི། རླངས་འཁོར་ཁོ་ནའི་གོང་ཚད་དེ་གཞི་འཛིན་སའི་རིན་གོང་དུ་བྱས་ཏེ་རིམ་པ་གཉིས་གཏན་འཁེལ་བྱས་ཡོད་པ་སྟེ།(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社