分享按钮

རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རི་སྐྱེས་རྩི་ཤིང་གི་སྲིབ་སྐྱེས་སོ་ལོའི་ཐུམ་རྡུལ་གྱི་མྱུ་གུ་འདེབས་གསོ་ལེགས་གྲུབ་བྱུང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་15ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོའི་འབྲི་ཆུའི་འགག་གསུམ་ཚོགས་པ་ནས་ཤེས་རྟོགས་བྱུང་བར། ཉེ་ཆར་འབྲི་ཆུའི་འགག་གསུམ་ཚོགས་པའི་ཁོངས་གཏོགས་ཀྱི་ཅིན་ཧྲ་ཅང་ཞང་ཞིའི་རྩི་ཤིང་རྩ་དཀོན་ར་བར་ཚན་ཞིབ་མི་སྣས་ལོ་གཅིག་འབད་བརྩོན་བྱས་པ་བརྒྱུད་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་རི་སྐྱེས་སྲུང་སྐྱོང་རྩི་ཤིང་གི་སྲིབ་སྐྱེས་སོ་ལོའི་ཐུམ་རྡུལ་གྱི་མྱུ་གུ་བདེ་བླག་ངང་འདེབས་གསོ་ལེགས་གྲུབ་བྱུང་བ་རེད།

སྲིབ་སྐྱེས་སོ་ལོ་ནི་སྡོང་རིང་དབྱིབས་ཀྱི་རེ་རལ་རྩི་ཤིང་ཞིག་ཡིན་ལ། “རེ་རལ་རྩི་ཤིང་གི་རྒྱལ་པོ”ཞེས་བསྟོད་བསྔགས་བྱེད་བཞིན་ཡོད། སེ་ལོ་ཡི་སྡོང་པོའི་མཐོ་ཚད་ལ་སྨི་5ཟིན་པ་དང་ཚངས་ཐིག་ལ་ལི་སྨི་8ཙམ་ཟིན་གྱི་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་350ནས་སྨི་1000བར་གྱི་ནགས་ཚལ་ཁྲོད་ཀྱི་ཆུ་ཕྲན་འགྲམ་གྱི་གྲིབ་རློན་ས་ཆར་སྐྱེས་ཀྱི་ཡོད། དེའི་དཀོན་པའི་རང་བཞིན་དང་དམིགས་བསལ་གྱི་སྐྱེ་ཁམས་རིན་ཐང་གི་དབང་གིས་སྲིབ་སྐྱེས་སོ་ལོ་ནི་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོབ་རི་སྐྱེས་རྩི་ཤིང་གི་ཁོངས་སུ་བཞག་ཡོད།

སྲིབ་སྐྱེས་སོ་ལོ་ཐུམ་རྡུལ་ནི་ཚེ་ཐུང་ཞིང་མྱུ་གུ་འབུས་དཀའ་བས། དེང་རབས་ཀྱི་གནམ་གཤིས་ཆ་རྐྱེན་འོག་སྲིབ་སྐྱེས་སོ་ལོ་ནི་དྲོད་འཇམ་དང་བརླན་གཤེར་ལྡན་པའི་ཚ་ཁུལ་དང་ཚ་ཁུལ་ཕལ་པའི་ནགས་ས་ཁོ་ནར་སྐྱེ་ཚར་བྱེད་པ་དང་། ཅིན་ཧྲ་གཙང་པོའི་ས་ཁོངས་སུ་ཉུང་ཤས་ཁྱབ་ཡོད།

ཅིན་ཧྲ་གཙང་པོའི་ཆུ་མཛོད་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱ་ཆེད། འབྲི་ཆུའི་འགག་གསུམ་ཚོགས་པའི་ཚན་ཞིབ་མི་སྣས་ཅིན་ཧྲ་གཙང་པོའི་ཞང་ཞིའི་རྩི་ཤིང་ར་བར་བཅའ་སྡོད་བྱས་པ་ནས་བཟུང་སྲིབ་སྐྱེས་སོ་ལོའི་ཚོད་ལྟ་རྒྱུན་འཁྱོངས་བྱས་པ་དང་། ཇུས་གཞི་ཞིབ་འཇུག་བྱས་པ་དང་འབྲེལ་སྡེབ་སྦྱོར་ལེགས་སྒྱུར་བྱས་ཏེ་རབས་ཐོག་མར་སྦགས་བཙོག་ཕོག་སླ་བའི་དཀའ་གནད་བདེ་བླག་ངང་ཁྱད་བསད་བྱས་པ་དང་། ཐུམ་རྡུལ་མྱུ་གུ་འབུས་པའི་དཀའ་ངལ་སོགས་ལག་རྩལ་གྱི་དཀའ་གནད་ལས་སྒྲོལ་ཏེ།རྩི་ཤིང་གི་རྒྱུད་བཤུས་ལག་རྩལ་སྤྱད་དེ་སྲིབ་སྐྱེས་སོ་ལོ་སྨིན་པའི་ཐུམ་རྡུལ་རྒྱུ་ཆར་བྱས་ནས་ཐུམ་རྡུལ་རྒྱུད་བཤུས་མངོན་འགྱུར་བྱུང་ཡོད།

ཚན་རིག་ཞིབ་འཇུག་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། ཐུམ་རྡུལ་རྒྱུད་བཤུས་ནི་རྩི་ཤིང་གི་ཐུམ་རྡུལ་བརྒྱུད་ནས་མཚན་མེད་སྐྱེ་འཕེལ་བྱེད་པའི་ཐབས་ཤིག་ཡིན་ལ། མ་གཞིའི་རྩི་ཤིང་གི་རྒྱུད་འཛིན་ཁྱད་ཆོས་རྒྱུན་འཁྱོངས་བྱེད་ཐུབ་ལ། སྟོངས་ཉེར་ཡོད་པའི་རྩི་ཤིང་སྲུང་སྐྱོང་དང་རྒྱུད་སྤེལ་བྱེད་པར་ནུས་པ་གལ་ཆེན་ལྡན་ཡོད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-17 6 6 拉萨日报藏文 c182887.html 1 རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རི་སྐྱེས་རྩི་ཤིང་གི་སྲིབ་སྐྱེས་སོ་ལོའི་ཐུམ་རྡུལ་གྱི་མྱུ་གུ་འདེབས་གསོ་ལེགས་གྲུབ་བྱུང་བ། /enpproperty-->