ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྡེ་ཁུལ་ཞབས་ཞུའི་ཆེད་ལས་རང་བཞིན་དང་ལས་ཕྱོད་སྔར་བས་ཆེ་རུ་གཏོང་བ་དང་ཛ་དྲག་ཆེ་བའི་གནས་ཚུལ་འོག་མི་རྣམས་ཀྱི་རང་སྐྱོབ་དང་ཕན་ཚུན་སྐྱོབ་རེས་ཀྱི་ནུས་པ་ཆེ་རུ་གཏོང་ཆེད། ཟླ་6ཚེས་14ཉིན།ཀུན་བདེ་གླིང་ཏང་གི་ལས་དོན་ཨུ་ལྷན་གྱིས་གཙོ་གཉེར་བྱས་པའི་སྤྱི་ཚོགས་ལས་དོན་གྱི་སྨན་བཅོས་མྱུར་སྐྱོབ་རྩལ་ནུས་གསོ་སྦྱོང་དེ་ཀུན་བདེ་གླིང་ཁྲོམ་གཞུང་དོན་གཅོད་ཁྲུའུ་རུ་གཉེར་བ་རེད།
ཐེངས་འདིའི་གསོ་སྦྱོང་ཁྲོད། རིགས་པའི་གཞུང་ལུགས་ལ་འགྲེལ་བཤད་དང་། དཔེ་སྟོན་བཀོལ་སྤྱོད་བྱེད་པ།ཡུལ་དངོས་སུ་ནང་སྦྱོང་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་སྙིང་དང་གློ་བའི་ནུས་པ་སླར་གསོ་བྱེད་པའི་ལག་རྩལ་བཀོལ་སྤྱོད་ཀྱི་གཙོ་གནད་དང་དོ་སྣང་བྱེད་དགོས་པའི་དོན་ཚན་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་སྦྲགས། “འགྱིག་མི”ལ་སྙིང་ཁམས་སླར་གསོ་དང་མྱུར་སྐྱོབ་བྱེད་པའི་བརྒྱུད་རིམ་གསལ་སྟོན་བྱེད་སྐབས་དང་ཐོག་ཚོར་བ་ཉམས་མིན་དང་།དབུགས་འབྱིན་རྔུབ་ཐུབ་མིན། སྙིང་རྩ་འཕར་མིན་བཅས་ལ་བརྟག་དཔྱད་བྱས་པ་དང་། དེ་ནས་མུ་མཐུད་བྲང་ཁོག་བསྣན་ནས་སྙིང་གི་ནུས་པ་སླར་གསོ་བྱེད་པ་དང་། ཁ་ནང་གི་དངོས་པོ་གཙང་སེལ་བྱེད་པ། དབུགས་ལམ་ཕྱེ་བ། མི་ཐབས་ཀྱིས་དབུགས་འབྱིན་རྔུབ་བྱེད་པ་སོགས་ཀྱི་ཐད་འཆད་ཁྲིད་བྱས་པ་་རེད།
དེང་རབས་བུད་མེད་སྨན་ཁང་གི་ཀྲུའུ་རེན་གཞོན་པ་དབྱང་ཅིས་སྙིང་དང་གློ་བའི་ནུས་པ་སླར་གསོ་བྱེད་པ་དེས་མྱུར་སྐྱོབ་སྨན་བཅོས་ཀྱི་ནུས་པ་ཐོན་ཐུབ་པ་དང་། གལ་ཏེ་སྐར་མ་བཞིའི་ནང་ཚུད་དུ་སྙིང་དང་གློ་བའི་ནུས་པ་སླར་གསོ་བྱེད་ཐུབ་ཚེ། སྙིང་རྩ་མི་འཕར་བའི་ནད་པ་མྱུར་སྐྱོབ་ལེགས་གྲུབ་ཡོང་ཚད་བརྒྱ་ཆ་50ཟིན་གྱི་ཡོད། ནད་པ་ས་ལ་འགྱེལ་སྐབས་འཕྲལ་མར་ནད་པའི་གནས་ཚུལ་ལ་བརྟག་དཔྱད་བྱེད་དགོས་པ་དང་། སྙིང་དང་གློ་བའི་ནུས་པ་སླར་གསོ་བྱེད་པའི་གོ་རིམ་གཞིར་བཟུང་ནད་པ་ཚང་མར་སྨན་བཅོས་བྱེད་དགོས་ཞེས་བཤད།
ཀུན་བདེ་གླིང་ཁྲོམ་གཞུང་བདེ་སྐྱིད་སྡེ་ཁུལ་གྱི་ལས་དོན་པ་བྱམས་སྒྲོན་གྱིས་ཐེངས་འདིའི་སྨན་བཅོས་མྱུར་སྐྱོབ་རྩལ་ནུས་གསོ་སྦྱོང་བྱས་པ་བརྒྱུད།ངས་སྨན་བཅོས་མྱུར་སྐྱོབ་ཐད་ཀྱི་ཤེས་བྱ་མང་པོ་ཤེས་བྱུང་བས་རང་ཉིད་ལ་ཉེན་ཁ་འཕྲད་སྐབས་རང་སྐྱོབ་བྱེད་ཐུབ་པར་མ་ཟད།ད་དུང་ཐོལ་བྱུང་གི་གནས་ཚུལ་འཕྲད་སྐབས་མི་གཞན་ལ་རོགས་རམ་བྱེད་ཐུབ་པའི་གདེང་ཚོད་བྱུང་ཞེས་བཤད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社