分享按钮

རང་གྲོང་གི་2024ལོའི་གྲོང་ཁུལ་སྔོ་འགྱུར་བདག་སྐྱོང་གི་མཐོར་འདེགས་རྣམ་གྲངས་བརྒྱ་ཆ་60ལེགས་གྲུབ་ཟིན་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རང་གྲོང་གི་སྒོ་རའི་སྔོ་འགྱུར་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་ཆབས་ཅིག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྔོ་འགྱུར་བཅོས་སྒྲིག་བྱ་སྤྱོད་ཆེད་དོན་ཚན་པའི་སྣེ་ཁྲིད་ལ་བརྟེན་ནས་གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱིས་སྒྲིག་འཛུགས་དང་ལག་བསྟར་བྱས་པའི་2024ལོའི་གྲོང་ཁུལ་13གྱི་སྔོ་འགྱུར་བདག་སྐྱོང་གི་མཐོར་འདེགས་རྣམ་གྲངས་བརྟན་པོའི་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། མིག་སྔའི་བར་རྣམ་གྲངས་ཧྲིལ་པོའི་བརྒྱ་ཆ་60ལེགས་གྲུབ་ཟིན་ནས་རྒྱ་ཆེའི་གྲོང་མི་རྣམས་ལ་སྔར་བས་འཚོ་སྡོད་རུང་བའི་སྔོ་འགྱུར་གྱི་ཁོར་ཡུག་གཏོད་རྒྱུར་རྨང་གཞི་ལེགས་པོ་ཞིག་བཏིང་ཡོད་པ་རེད།

སྔོ་ལྗང་བདག་སྐྱོང་གི་མཐོར་འདེགས་རྣམ་གྲངས་ལག་བསྟར་བྱེད་པ་ནི་གྲོང་ཁྱེར་ཡོངས་ཀྱི་སྒོ་རའི་སྔོ་འགྱུར་ལས་དོན་གྱི་བླང་བྱ་གཞིར་བཟུང་ནས་གྲོང་ཁྱེར་ཧྲིལ་པོའི་རྣམ་པ་ལེགས་སུ་གཏོང་རྒྱུ་དེ་ཇུས་འགོད་ཀྱི་གཞི་འཛིན་སར་བྱས་ནས་སྔོ་ལྗང་ཅན་དུ་བསྒྱུར་རུང་བའི་ས་ཁོངས་ཡོངས་རྫོགས་སྔོ་ལྗང་ཅན་དུ་འགྱུར་བར་བྱེད་དགོས་པ་དང་། དེའང་དུས་བཞིར་མཛེས་ལྗོངས་ཡོད་པ་དང་། དུས་བཞིར་མེ་ཏོག་ལ་མྱོང་རོལ་བྱེད་རྒྱུ་ཡོད་པའི་ལས་ཀའི་དམིགས་ཚད་མཛུབ་སྟོན་དུ་བྱས་ཏེ་རྟག་ཏུ་སྔོ་ཐིང་ངེར་གནས་པ་དང་ལོ་མ་ལྷུང་བའི་རྩི་ཤིང་སྡེབ་སྒྲིག་བྱེད་པ་སོགས་བརྒྱུད་ནས་ཁྲོམ་གཞུང་གི་མཛེས་ལྗོངས་ཀྱི་ཚོན་མདངས་རྣམ་པར་བཀྲ་བ་དང་། རྩི་ཤིང་དང་མཛེས་ལྗོངས་ཀྱི་གཞི་རྒྱུ་སྣ་ཚོགས་བཀོད་སྒྲིག་ལུགས་མཐུན་བྱས་ནས་གྲོང་མིའི་འཚོ་སྡོད་རུང་བའི་ཁོར་ཡུག་མཛེས་སུ་གཏོང་བ་དང་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བའི་སྒོ་རའི་སྔོ་འགྱུར་ལས་དོན་གྱི་དམིགས་ཚད་འགྲུབ་པར་བྱས་ཡོད།

ཟླ་6ཚེས་13ཉིན། གསར་འགོད་པས་གྲོང་ཁུལ་གྱི་ལམ་དུམ་དང་སྤྱི་གླིང་ཁག་གཅིག་ནས་འགྲོ་ལམ་གྱི་གཞོགས་གཉིས་སུ་སྔོ་ལྗང་གིས་ཁེངས་ཤིང་། གསར་དུ་བཏབས་པའི་སྔོ་ཁེབས་དང་སྔར་ཡོད་ཀྱི་སྔོ་ཁེབས་རྣམས་འཆམ་མཐུན་ལྡན་པའི་རྣམ་པ་ཞིག་མངོན་གྱི་ཡོད་པ་མཐོང་ཡོད། སྤྱི་གླིང་ནང་གི་སྤང་ལྗོངས་གྲལ་འགྲིག་པ་དང་། སྡོང་རིང་དང་སྡོང་ཐུང་སྣ་ཚོགས་ཆ་འགྲིག་པ། བཟོ་དབྱིབས་མཛེས་པ་བཅས་ལས་མི་རྣམས་ལ་དྭངས་གཙང་དང་སྐྱིད་སྣང་དོད་པའི་ཚོར་སྣང་ཞིག་སྟེར་གྱི་ཡོད། ལམ་དུམ་ཁག་གཅིག་ཏུ་སྔོ་འགྱུར་བཟོས་ཟིན་པའི་ས་ཁོངས་ལ་ཉི་འགོག་རས་སྤྱད་དེ་སྲུང་སྐྱོབ་བྱས་ནས་སྔོ་ཁེབས་སྐྱེ་འཚར་ཡག་པོ་ཡོང་བའི་འགན་ལེན་བྱེད་བཞིན་ཡོད། གླིང་ཕྲན་གཉིས་ཀྱི་འབྱུང་ཁམས་སྤྱི་གླིང་དུ་ལས་བཟོ་བ་ཚོས་ལྗོན་ཤིང་འདེབས་འཛུགས་བྱེད་པའི་ལས་ལ་བྲེལ་བཞིན་མཆིས།

གྲོང་ཁྱེར་དོ་དམ་དང་ཕྱོགས་བསྡུས་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ལི་ལིས་ངེད་ཅུས་ཀྱིས་ད་ཐེངས་སྒྲིག་འཛུགས་བྱས་ནས་སྤེལ་བའི་སྔོ་འགྱུར་བདག་སྐྱོང་གི་མཐོར་འདེགས་རྣམ་གྲངས་ནི་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁུལ་གྱི་ས་ཁོངས་13གྱི་ས་དམར་ཧྲེང་དུ་ལུས་པ་དང་། རྩི་ཤིང་སྐྱེ་འཚར་ཞན་པ། རིམ་པ་མི་འདང་བ། སྤྱི་ཡོངས་དང་སྣ་གཅིག་བཅས་ཀྱི་གནད་དོན་ཐག་གཅོད་བྱ་ཆེད་ཡིན། མཐོར་འདེགས་རྣམ་གྲངས་ཀྱི་སྤྱིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་22027ཙམ་ཡོད་པ་དང་སྔོན་རྩིས་མ་དངུལ་བསྡོམས་འབོར་སྒོར་ཁྲི་1058.14ཟིན་ནས་མིག་སྔར་ཤིང་སོན་རྐང་160478དང་སྨི་ངོས་གྲུ་2693འདེབས་འཛུགས་བྱས་ཟིན་པ་དང་གཟའ་འཁོར་འདིར་ཤིང་སོན་སྨི་ངོས་གྲུ་1403ཙམ་ལ་ཡལ་གཅོད་བརྒྱབ་ཟིན་པས་ལས་གྲྭ་ཧྲིལ་པོའི་མྱུར་ཚད་བརྒྱ་ཆ་60ཟིན་ཡོད་པ་རེད།

ཕྱིས་འབྱུང་རང་གྲོང་གིས་སྔོ་འགྱུར་བདག་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་རྣམ་གྲངས་དུས་བཀག་ལྟར་ལེགས་འགྲུབ་ཡོང་བའི་འགན་ལེན་བྱས་ཏེ་གྲོང་ཁྱེར་གྱི་འབྱུང་ཁམས་ཁོར་ཡུག་དང་མི་འཚོ་སྡོད་རུང་བའི་ཁོར་ཡུག་ལེགས་སུ་ཏན་ཏིག་གཏོང་བ་དང་། ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་དང་གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་གཏོང་བ། འཚོ་སྡོད་ལ་འཚམ་པ་དང་། ལས་ཞུགས་ལ་འཚམ་པ། ཡུལ་སྐོར་ལ་འཚམ་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་ལྗང་མདོག་འབྱུང་ཁམས་གྲོང་ཁྱེར་མགྱོགས་མྱུར་བསྐྲུན་རྒྱུ་བཅས་རེད། དེ་དང་ཆབས་ཅིག་རྒྱ་ཆེའི་གྲོང་མི་རྣམས་གྲོང་ཁྱེར་གྱི་སྔོ་འགྱུར་ལས་དོན་ནང་ཧུར་ཐག་ཞུགས་ནས་མི་ཚང་མ་ཞུགས་པ་དང་མི་ཚང་མ་སྔོ་འགྱུར་ལས་དོན་ནང་ཞུགས་ནས་སྔོ་འགྱུར་མང་དུ་གཏོང་བ་དང་སྔོ་འགྱུར་ལ་སྲུང་སྐྱོབ་བྱེད་པའི་དར་སྲོལ་གསར་པ་ཞིག་ཆགས་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན་པ་རེད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-16 6 6 拉萨日报藏文 c182864.html 1 རང་གྲོང་གི་2024ལོའི་གྲོང་ཁུལ་སྔོ་འགྱུར་བདག་སྐྱོང་གི་མཐོར་འདེགས་རྣམ་གྲངས་བརྒྱ་ཆ་60ལེགས་གྲུབ་ཟིན་པ། /enpproperty-->