ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གུང་གཞོན་སྡེ་ཚོཊ་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གིས་2023ལོ་ནས་2024ལོའི་བར་གྱི་ཨེན་ཧའེ་སློབ་གྲྭའི་རེ་འདུན་ཕྲན་བུ་ཞེས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་དྲིན་སྐྱོང་གླིང་སྡེ་ཁུལ་དུ་སྤེལ་ཞིང་། ཐེངས་འདིའི་བྱེད་སྒོའི་དམིགས་ཡུལ་ནི“ལེགས་སྐྱེས་དང་། མཛའ་བརྩེ། རོགས་རེས། ཡར་ཐོན”བཅས་ཀྱི་དང་བླངས་པའི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དང་། ས་གནས་གཞན་དུ་གནས་སྤོས་དབུལ་སྐྱོར་སྡེ་ཁུལ་གྱི་གཞོན་ནུ་ལོ་ཆུང་འཚར་ལོངས་དང་ཤེས་ལྡན་མི་སྣར་འགྱུར་བར་ཞབས་འདེགས་ཞུ་རྒྱུ་དང་ཁོང་ཚོའི་སློབ་ཞོར་གྱི་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུའི་ཆེད་དུ་ཡིན་པ་རེད། རེ་འདུན་ཕྲན་བུ་ཞེས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་དེ་2023ལོའི་ཟླ་8པ་ནས་2024ལོའི་ཟླ་7པའི་བར་མུ་མཐུད་སྤེལ་རྒྱུ་དང་རེ་འདུན་ཕྲན་བུ་རེར་རིན་ཐང་སྒོར་200དང་སློབ་མར་ཁྱོན་རེ་འདུན་གྱི་ལག་རྟགས་50ཙམ་མཁོ་འདོན་བྱས་ཡོད་པ་རེད།
བྱེད་སྒོ་སྤེལ་བའི་ཉིན་དེར་སྡེ་ཁུལ་གྱི་སློབ་མ་དང་དང་བླངས་པ་ཚོ་སྔ་ས་ནས་མཉམ་དུ་འཛོམས་ཤིང་ཡུལ་དངོས་སུ་དགའ་སྤྲོའི་དགོད་སྒྲས་ཁེངས་ཡོད། དང་བླངས་པ་ཚོས་སློབ་མའི་སྣེ་ཁྲིད་དེ་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཞིང་། དང་བླངས་པའི་མཛུབ་ཁྲིད་འོག་སློབ་མ་ཚོས་དཔེ་དབྱིབས་གནམ་གྲུ་བཟོས་པ་དང་འབྲེལ་ཕྱི་རོལ་དུ་རང་ཉིད་ཀྱིས་བཟོས་པའི་གནམ་གྲུ་གློད་པ་སོགས་བྱས་ནས་ཕྲུ་གུ་ཚོའི་ལག་པ་འགུལ་བའི་ནུས་པ་དང་གསར་གཏོད་ཀྱི་ནུས་པ་གསོ་སྐྱོང་བྱས་པ་དང་། ལག་ལེན་ཁྲོད། ཚོགས་པའི་མཉམ་ལས་ཀྱི་སྤྲོ་སྣང་ཚོར་ཐུབ་པ་བྱུང་ཡོད། གཞན་ཡང་དང་བླངས་པ་ཚོས་སློབ་ཚན་ཁྲོད་སློབ་མར་གནམ་གྲུའི་སྐོར་གྱི་རྨང་གཞིའི་ཤེས་བྱ་བསླབས་པར་མ་ཟད། གནམ་གྲུའི་ལོ་རྒྱུས་ནས་འཕུར་སྐྱོད་ཀྱི་རྩ་བའི་རིགས་པ་བར་ནང་དོན་ཕུན་སུམ་ཚོགས་ལ་གསོན་ཉམས་ལྡན་པ་ཞིག་ཀྱང་ཡོད་པ་རེད། སློབ་ཚན་དེ་དག་བརྒྱུད་ནས་ཕྲུ་གུ་ཚོའི་ཤེས་རྒྱ་ཆེ་རུ་ཕྱིན་པར་མ་ཟད། ད་དུང་ཁོང་ཚོ་ཚན་རིག་ལ་དགའ་ཞེན་དང་འཚོལ་ཞིབ་ཀྱི་འདོད་པའང་འཕེལ་བར་བྱས་ཡོད།
གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་འགན་འཁུར་བས་ཨེན་ཧའེ་སློབ་གྲྭའི་རེ་འདུན་ཕྲན་བུ་ཞེས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་ནི་གཞོན་ནུ་ལོ་ཆུང་ལ་སློབ་སྦྱོང་དང་འཚར་ལོངས་ཀྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་ཡིན། ཕྲུ་གུ་ཚོའི་རེ་འདུན་ཆུང་ཆུང་མངོན་འགྱུར་བྱུང་བ་བརྒྱུད་ཁོང་ཚོས་སྤྱི་ཚོགས་ཀྱི་གཅེས་སྐྱོང་དང་དྲོ་སྐྱིད་ཚོར་ཐུབ་པ་དང་དུས་མཚུངས་ཁོང་ཚོར་སློབ་སྦྱོང་ཧུར་ཐག་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་དོན་གཉེར་བྱ་རྒྱུའི་ཐད་སྐུལ་མ་གཏོང་གི་ཡོད་ཅེས་བཤད།
བྱེད་སྒོ་མཇུག་འགྲིལ་རྗེས་སློབ་མ་ཚོས་གཅིག་རྗེས་གཉིས་མཐུད་ངང་བྱེད་སྒོ་དེ་རིགས་ལ་ཧ་ཅང་དགའ་པོ་ཡོད་པས་སླད་ཕྱིན་བྱེད་སྒོ་དེ་རིགས་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད། དང་བླངས་པ་ཚོས་ཀྱང་ད་ཐེངས་ཀྱི་བྱེད་སྒོ་བརྒྱུད་ཕྲུ་གུ་ཚོ་དང་བར་ཐག་ཇེ་ཉེར་སོང་བར་མ་ཟད། ལེགས་སྐྱེས་དང་བརྩེ་སེམས་ཀྱི་དོན་སྙིང་ཐད་སྔར་བས་མྱོང་ཚོར་ཟབ་མོ་ཐུབ་བྱུང་ཞེས་བཤད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社