ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་ཁྱོན་ཡོངས་སྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་6ཚེས་11ཉིན་གྱི་ཕྱི་དྲོར། ཀྲུང་དབྱང་ཁྱོན་ཡོངས་སྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ཚོགས་འདུའི་ཐོག 《ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང《འབྲུ་རིགས་འདེབས་མཁན་གྱི་ཞིང་པའི་ཡོང་འབབ་ཀྱི་འགན་ལེན་ལམ་སྲོལ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》《གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་ལྡན་པའི་ཚན་རྩལ་གསར་གཏོད་སྒོ་དབྱེའི་ཁོར་ཡུག་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》སོགས་ཀྱི་ཡིག་ཆར་གྲོས་ཞིབ་གནང་ནས་གྲོས་འཆམ་བྱུང་བ་རེད།
ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་གསུངས་གནང་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ན། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་བྱ་རྒྱུར་དམིགས་ཏེ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། ཀུང་སི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ཁེ་ལས་ཀྱིས་བདག་དབང་ཁ་གསལ་དང་། དབང་ཆ་དང་འགན་འཁྲི་ཁ་གསལ། སྲིད་གཞུང་དང་ཁེ་ལས་ལོགས་སུ་དབྱེ་བ། དོ་དམ་བྱེད་སྟངས་ཚན་རིག་དང་མཐུན་པ་བཅས་ཀྱི་དེང་རབས་ཁེ་ལས་ཀྱི་ལམ་ལུགས་ཞིག་འཛུགས་པ་དང་འཐུས་ཚང་དུ་གཏོང་བར་སྐུལ་འདེད་བཏང་ནས། འཛམ་གླིང་གི་ཁེ་ལས་རྩེ་གྲ་དེ་བས་མང་བ་སྐྱེད་སྲིང་བྱེད་དགོས། འབྲུ་རིགས་ཐོན་སྐྱེད་བརྟན་པོ་དང་། འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱེད་དགོས་ན། ངེས་པར་དུ་ཞིང་པས་འབྲུ་རིགས་འདེབས་པ་དང་ས་གནས་ཀྱིས་འབྲུ་རིགས་ལ་དམ་འཛིན་བྱེད་སེམས་སྲུང་སྐྱོང་དང་སྐུལ་སློང་བྱེད་པ་དང་། འབྲུ་རིགས་འདེབས་མཁན་གྱི་ཞིང་པའི་ཡོང་འབབ་ཀྱི་འགན་སྲུང་ལམ་སྲོལ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྲིད་ཇུས་ཀྱི་གནད་འཁེལ་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ནས། འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་བརྟན་པོ་ཡོང་བར་བྱེད་དགོས། སྒོ་དབྱེ་ལ་བརྟེན་ནས་གསར་གཏོད་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་དང་། ཚན་རྩལ་ཕྱི་ཕྱོགས་སུ་སྒོ་དབྱེ་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གོ་ལ་ཧྲིལ་པོར་ཕྱོགས་པའི་གསར་གཏོད་མ་ལག་འཐུས་ཚང་དུ་གཏོང་བ། རང་འགུལ་ངང་གོ་ལ་ཧྲིལ་པོའི་གསར་གཏོད་དྲ་རྒྱའི་ནང་འདྲེས་པ། ཁྱབ་ཁོངས་གཙོ་བོ་དང་འགག་རྩའི་ལྷུ་ཚིགས་འབུར་དུ་ཐོན་པ། སྒོ་དབྱེ་གསར་གཏོད་ལམ་ལུགས་ཀྱི་ཞན་ཆ་ཁ་གསབ་བཅས་བྱེད་དགོས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། ཀྲུང་དབྱང་ཁྱོན་ཡོངས་སྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཆང་དང་། ཝང་ཧུའུ་ཉིང་། ཚའེ་ཆི་བཅས་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་ན། ཁེ་ལས་གཉེར་སྐྱོང་གི་བྱེད་པོའི་གནས་བབ་ལ་བརྩི་འཇོག་དང་། གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ། ཁེ་ལས་ཀྱི་གཞི་ཁྱོན་དང་། འཕེལ་རྒྱས་ཀྱི་དུས་རིམ། དབང་བའི་ལམ་ལུགས་ཀྱི་ངོ་བོ་སོགས་ལ་གཞིགས་ནས། རིགས་དབྱེ་ནས་ཐབས་ཇུས་ལག་བསྟར་དང་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས། ཏང་གིས་གཞུང་དབང་ཁེ་ལས་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཏང་གིས་གཞུང་ཁོངས་ཁེ་ལས་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། གཞུང་ཁོངས་ཁེ་ལས་ཀྱིས་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པར་སྐུལ་འདེད་གཏོང་བ། གཞུང་ཁོངས་ཁེ་ལས་ཀྱི་དེང་རབས་ཀུང་སི་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། གཞུང་ཁོངས་མ་རྩ་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社