分享按钮

འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་འབྲེལ་ཟམ་བཙུགས་ནས།

བོད་སྐད་སྦྱོང་བ་དེ་དར་སྲོལ་ གསར་པ་ཞིག་ཏུ་གྱུར་བ།

སྐད་ཡིག་ནི་ལོ་རྒྱུས་དང་རིག་གནས་ཀྱི་སྙིང་བཅུད་ཡིན་ཞིང་། དེས་ཐུན་མོང་མ་ཡིན་པའི་རྒྱུན་འཛིན་ལ་བརྟེན་ནས་མི་རྣམས་ཀྱིས་མི་རིགས་ཤིག་གི་འདས་དོན་ལ་ངོས་འཛིན་བྱེད་པར་རོགས་རམ་བྱེད་ཐུབ། སྐད་ཆ་ནི་མི་དང་མིའི་བར་འབྲེལ་འདྲིས་བྱེད་པའི་ལག་ཆ་ཞིག་ཡིན་ལ། དེས་དེང་རབས་ཀྱི་འཚོ་བར་ཐད་ཀར་སྟབས་བདེ་བསྐྲུན་གྱི་ཡོད། ད་ཆ་བོད་དུ་བོད་སྐད་ལ་སློབ་སྦྱོང་བྱས་པ་བརྒྱུད་བོད་ཀྱི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་ལ་ཤེས་རྟོགས་བྱེད་པ་དེ་གཞོན་ནུ་ཚོའི་ཁྲོད་དར་སྲོལ་ཞིག་ཏུ་རིམ་བཞིན་འགྱུར་བཞིན་ཡོད།

འདི་ལོར་ལོ་34ལ་སོན་པའི་ཀྲའོ་ཤིན་གྱིས་བོད་སྐད་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། བོད་སྐད་དང་ཐོག་མར་འཕྲད་པའི་རྒྱུ་མཚན་ནི་བོད་སྐད་ཀྱི་གླུ་གཞས་རྙིང་པ་ཞིག་གི་རྐྱེན་ཡིན་པ་དང་། ངོ་མཚར་ཆེ་བའི་གཞས་ཚིག་དང་སྙན་ཞིང་འཇེབས་པའི་སྒྲ་སྙན་གྱི་དབྱངས་རྟ་ཡིས་ཁོང་གི་ཡིད་དབང་རབ་ཏུ་འཕྲོག་ཡོད་མོད། ཁོང་ལ་བོད་སྐད་ཀྱི་རྨང་གཞི་གང་ཡང་མེད་པ་དང་། ཤོད་ཤེས་པ་གཅིག་རང་ཡོད་པ་ནི་བཀྲ་ཤིས་བདེ་ལེགས་ཞེས་པ་དེ་རེད།

དེར་བརྟེན། ཀྲའོ་ཤིན་གྱིས་དྲ་ཐོག་ནས་དགེ་རྒན་དང་འབྲེལ་བ་བྱས་ཏེ་ཆེད་མངགས་བོད་སྐད་སྦྱོང་འགོ་ཚུགས། གཟའ་མཇུག་སླེབས་རིམ་བཞིན་ཀྲའོ་ཤིན་གྱིས་རང་ཁྱིམ་དུ་དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་སྦྱོང་ཚན་ནན་ཏན་གྱིས་སྦྱོང་གི་ཡོད། ད་ཐེངས་ཀྲའོ་ཤིན་གྱི་སྦྱོང་ཚན་དེ་དམིགས་བསལ་ཞིག་ཡིན་ཞིང་། དགེ་རྒན་གྱིས་ཁོང་ལ་རང་ཉིད་ཀྱི་བོད་སྐད་ཀྱི་མིང་ཏེ་སྒྲོལ་མ་ལྷ་མོ་ཞེས་པ་དེ་དང་དགའ་ཕྱོགས་འབྲི་དགོས་པའི་རེ་བ་བཏོན་ཡོད།

ཀྲའོ་ཤིན་གྱིས་ང་བོད་ལ་ཧ་ཅང་དགའ་པོ་ཡོད། སློབ་གྲྭ་ནས་ཐོན་རྗེས་བོད་དུ་བསྡད་ནས་འཚོ་བ་སྐྱེལ་རྒྱུ་བདམས་ག་བྱས་པ་ཡིན། ད་བར་ལོ་11ཕྱིན་སོང་། འོན་ཀྱང་རྒྱུ་རྐྱེན་མང་པོའི་དབང་གིས་ངས་བོད་སྐད་ཡག་པོ་སྦྱོང་ཐུབ་མེད། ན་ནིང་ངས་སླར་ཡང་གསོ་སྦྱོང་འཛིན་གྲྭར་མིང་ཐོ་བཀོད་ནས་བོད་སྐད་ཡིག་དེ་ནན་ཏན་གྱིས་སྦྱོང་བའི་འཆར་གཞི་བཟོས་ཡོད་ཅེས་བཤད།

ཀྲའོ་ཤིན་དང་འདྲ་བར་ཝང་ཐེན་ཆིས་ཀྱང་དྲ་ཐོག་གི་སློབ་ཚན་བརྒྱུད་ནས་བོད་སྐད་སློབ་སྦྱོང་བྱེད་བཞིན་ཡོད། ལོ་གསུམ་རིང་ལ་སློབ་སྦྱོང་བྱས་པ་བརྒྱུད་ད་ཆ་ཝང་ཐེན་ཆིས་བོད་སྐད་ཀྱི་ཐོག་ནས་རྒྱུན་གཏན་གྱི་སྐད་ཆ་བཤད་ཐུབ་ཀྱི་ཡོད་པ་དང་།ཁོང་གི་ངོས་ནས་བརྗོད་ན་བོད་སྐད་བཤད་པ་དེ་ཡུལ་སྲོལ་གོམས་གཤིས་ཤིག་ཏུ་ཆགས་ཡོད།

ཝང་ཐེན་ཆིས་ང་གཞི་རིམ་དུ་ལས་ཀ་བྱེད་ཀྱི་ཡོད་ཅིང་། བོད་སྐད་ཀྱི་ཐོག་ནས་མང་ཚོགས་དང་སྐད་ཆ་བཤད་ཐུབ་པས་ཕན་ཚུནགྱི་འབྲེལ་བ་ཟབ་ཏུ་སོང་ཡོད། ཐོག་མའི་དུས་སུ་ངས་བོད་སྐད་སྦྱད་དེ་མཐའ་འཁོར་གྱི་མང་ཚོགས་དང་སྐད་ཆ་ཤོད་སྐབས་སྐྱོན་ཆ་སྣ་ཚོགས་ལྷག་གི་ཡོད་པ་དང་།ཚང་མས་ཀྱང་ངའི་དགེ་རྒན་གྱི་ཚུལ་དུ་ང་ལ་སྒྲ་འདོན་སྟངས་དང་དུས་གསུམ་གྱི་སྐོར་ལ་བྱུང་བའི་སྐྱོན་རྣམས་ཡོ་བསྲང་བྱེད་དུ་བཅུག་གི་ཡོད། ངའི་བཟའ་ཟླ་ནི་དགེ་རྒན་ཞིག་ཡིན་ཞིང་། ངས་བོད་སྐད་སྦྱང་རྒྱུར་རྒྱབ་སྐྱོར་བྱ་ཆེད་ཁོ་མོས་ང་ལ་སློབ་ཆུང་དང་དམའ་རིམ་སློབ་འབྲིང་གི་བོད་སྐད་ཡིག་གི་དཔེ་དེབ་དང་ཡི་གེ་ངོས་འཛིན་བྱང་བུ་སོགས་ཉོས་ཡོད། ཕན་ཚུན་ལ་སྐུལ་ལྕག་དང་ལྟ་སྐུལ་བྱས་པར་བརྟེན།ད་ལྟ་ཁོ་མོས་ཀྱང་བོད་སྐད་ཀྱི་རྒྱུན་སྤྱོད་ཀྱི་སྐད་ཆ་ཤོད་ཐུབ་ཀྱི་ཡོད་པས་ང་ཚོས་ཕན་ཚུན་ལ་བོད་སྐད་ཀྱི་མིང་ཡང་བཏགས་ཡོད་ཅེས་བཤད།

ཉིན་ཤས་གོང་གསར་འགོད་པ་ཁྲོམ་གཞུང་དུ་བསྐྱོད་དེ་རྒྱ་རིགས་གྲོགས་པོ་ཁ་ཤས་ལ་སྐབས་བསྟུན་བཅར་འདྲི་བྱས་པ་རེད། མི་མི་ཉུང་བ་ཞིག་གིས་བོད་སྐད་ཚིག་རེ་གཉིས་ཤོད་ཤེས་ལ་སྟབས་བདེའི་བོད་སྐད་ཀྱང་གོ་ཐུབ་ཅེས་བཤད་ལ། ད་དུང་ལ་ལས་རང་ཉིད་བོད་སྐད་གསོ་སྦྱོང་འཛིན་གྲྭར་ཆེད་མངགས་མིང་ཐོ་བཀོད་ནས་བརྒྱུད་རིམ་ལྡན་པའི་སྒོ་ནས་བོད་སྐད་སློབ་སྦྱོང་བྱེད་ཀྱི་ཡོད་ཅེས་ཀྱང་བཤད།

བཅར་འདྲི་བྱེད་རིང་། གསར་འགོད་པས་ཤེས་རྟོགས་བྱུང་བར། ཚང་མས་བཤད་མང་ཤོས་ཀྱི་བོད་སྐད་ནི་བཀྲ་ཤིས་བདེ་ལེགས་དང་ཐུགས་རྗེས་ཆེ་ཞེས་པ་དེ་ཡིན་པ་དང་། སྟབས་བདེའི་བོད་སྐད་དེ་དག་རྒྱུན་གཏན་འཚོ་བའི་ཁྲོད་སྤྱོད་ཚད་ཧ་ཅང་མང་བས་སྦྱོང་རྒྱུར་དཀའ་ངལ་དེ་ཙམ་མེད་པ་རེད།

ལྷ་སའི་ལས་ཁུངས་ག་གེ་མོ་ཞིག་ཏུ་ལས་ཀ་བྱེད་མཁན་ཧོང་ལི་ལིང་གིས་གསར་འགོད་པར། ང་བོད་དུ་ཡོང་ནས་ལོ་5ཕྱིན་སོང་། དང་ཐོག་བོད་སྐད་ཚིག་རེ་གཉིས་ཤོད་ཤེས་ཀྱི་ཡོད།

(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-13 འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་འབྲེལ་ཟམ་བཙུགས་ནས། 6 6 拉萨日报藏文 c182474.html 1 བོད་སྐད་སྦྱོང་བ་དེ་དར་སྲོལ་ གསར་པ་ཞིག་ཏུ་གྱུར་བ། /enpproperty-->