分享按钮

རིགས་གཅིག་མཁས་ཅན་གྱིས་རྒན་རྒོན་རྣམས་དབྱར་དུས་སུ་སྦྱོང་བརྡར་བྱེད་སྐབས་དོ་སྣང་བྱེད་དགོས་པའི་དོན་གནད་དྲན་སྐུལ་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་9ཉིན་གློག་འཕྲིན་འབྱོར་གསལ། དབྱར་དུས་གནམ་གཤིས་ཚ་བ་ཆེ་བ་དང་མཁའ་རླུང་གི་བརླན་ཚད་ཆེ་བས་ལུས་རྩལ་སྦྱོང་བརྡར་ལ་ཤུགས་རྐྱེན་ངེས་ཅན་ཐེབས་སྲིད། རྒན་རྒོན་གྱིས་ཇི་ལྟར་བྱས་ཏེ་བདེ་འཇགས་ངང་ལུས་རྩལ་སྦྱོང་བརྡར་བྱེད་དགོས་ཤེ་ན། རིགས་གཅིག་མཁས་ཅན་གྱིས་རྒན་རྒོན་གྱིས་རང་ཉིད་དང་འཚམ་པའི་སྦྱོང་བརྡར་རྣམ་གྲངས་འདེམས་དགོས་པ་དང་། སྦྱོང་བརྡར་གྱི་དུས་ཚོད་དང་སྦྱོང་བརྡར་བྱེད་ཤུགས་ཁོང་དུ་ཡག་པོ་ཆུད་དགོས་པ་དང་སྦྱོང་བརྡར་བྱེད་སྐབས་ནུས་ཤུགས་ལ་བསྟུན་ནས་སྦྱོང་བརྡར་བྱས་ཚེ་གཞི་ནས་ལུས་ཕུང་བདེ་ཐང་དང་རྒས་ཁ་སྲ་བའི་ཕན་འབྲས་ཐོན་ཐུབ་པའི་དྲན་སྐུལ་བྱས་པ་རེད།

རླུང་འགྲོ་ལེགས་པ་དང་། བརླན་གཤེར་འཚམ་པའི་ལུས་རྩལ་ཁང་ནང་དུ་སྦྱོར་བརྡར་བྱེད་པ་དེ་གདམ་ག་ཡག་པོ་ཞིག་རེད། པེ་ཅིང་སྨན་ཁང་བདེ་ཐང་སླར་གསོའི་གསོ་རིག་ཚན་ཁག་གི་ཀྲུའུ་རེན་གཞོན་པ་མ་ཀྲའོ་ཡིས། རྒན་རྒོན་ཚོས་ཚ་གདུག་ལ་སྔོན་འགོག་བྱེད་པར་ལྷག་པར་དུ་དོ་སྣང་བྱེད་དགོས་པ་ལས་དུས་ཡུན་རིང་པོར་ཕྱི་རོལ་དུ་ལུས་རྩལ་རྩེ་མི་རུང་བ་དང་། ཁང་པའི་ནང་དུ་སྦྱོང་བརྡར་བྱེད་མི་རུང་བའི་རྣམ་གྲངས་དྲོད་ཚད་ཅུང་དམའ་བའི་ཞོགས་དགོང་གི་དུས་ཚོད་ལ་བདམས་ནས་ཕྱི་རོལ་དུ་སྦྱོང་བརྡར་བྱེད་དགོས་ཞེས་བཤད།

རིགས་གཅིག་མཁས་ཅན་གྱིས་རྒན་རྒོན་ལ་གལ་ཏེ་ལོ་འཁོར་མོ་སྦྱོང་བརྡར་རྒྱུན་འཁྱོངས་བྱེད་པའི་གོམས་གཤིས་ཡོད་ཚེ་དབྱར་དུས་སུ་སྦྱོང་བརྡར་བྱེད་ཚད་འོས་འཚམ་ཉུང་དུ་གཏོང་དགོས་པ་དང་། གལ་ཏེ་སྔོན་ཆད་སྦྱོང་བརྡར་བྱེད་པའི་གོམས་གཤིས་མེད་ན། ཉིན་རེར་སྐར་མ་10ནས་15བར་གྱི་ཤུགས་ཚད་ཆུང་བའི་འགུལ་སྐྱོད་བྱེད་པ་ནས་འགོ་བརྩམས་ཏེ་རིམ་བཞིན་འགུལ་སྐྱོད་ཀྱི་དུས་ཡུན་དང་ཤུགས་ཚད་ཇེ་མཐོར་གཏོང་དགོས་ཞེས་བཤད།

མ་ཀྲའོ་ཡིས་དབྱར་དུས་སྦྱོང་བརྡར་བྱེད་སྐབས་རྔུལ་ཆུ་མང་པོ་ཐོན་གྱི་ཡོད་པས་རྒན་རྒོན་ཚོས་སྦྱོང་བརྡར་མ་བྱས་གོང་ཚྭ་ཆུ་སླ་པོ་དང་། སྲན་ལྗང་ཐང་། ཆུ་ཁོལ་སོགས་འོས་འཚམ་འཐུང་ན་ལེགས། སྦྱོང་བརྡར་བྱེད་སྐབས་ཀྱང་དུས་ཐོག་ཏུ་ཆུ་ཁ་གསབ་བྱེད་དགོས་པ་དང་། ཆུ་འཐུང་སྐབས་ཉུང་ཙམ་ཐེངས་མང་འཐུང་དགོས་པའི་དྲན་སྐུལ་བྱས་པ་རེད།

དེ་དང་ཆབས་ཅིག་རིགས་གཅིག་མཁས་ཅན་གྱིས་རྒན་རྒོན་རྣམས་ཀྱིས་དབྱར་དུས་སྦྱོང་བརྡར་བྱེད་སྐབས་ཚ་སེལ་དང་རྔུལ་ཆུ་འབུད་བདེ་བའི་མྱུར་སྐམ་རིགས་ཀྱི་གྱོན་ཆས་དང་ཞྭ་ལྷམ་འདེམས་དགོས་པར་མ་ཟད། ལུས་རྩལ་བྱས་རྗེས་དུས་ཐོག་ཏུ་གྱོན་ཆས་བརྗེ་དགོས་པ་དང་། སྦྱོང་བརྡར་བྱས་རྗེས་མྱུར་དུ་ཆུ་གྲང་མོས་མི་འཁྲུ་བར། ལུས་དྲོད་རིམ་བཞིན་རྒྱུན་ལྡན་ལྟར་སླར་གསོ་བྱུང་རྗེས་ཆུ་དྲོན་མོས་་འཁྲུ་དགོས་པའི་གྲོ་འགོ་བཏོན་པ་རེད།

དབྱར་དུས་སུ་འགོས་ནད་འབྱུང་མང་བའི་དུས་ཚིགས་ཡིན། པེ་ཅིང་སྨན་ཁང་རྒན་རྒོན་གསོ་རིག་ཚན་ཁག་གི་ཀྲུའུ་རེན་གཞོན་པ་ཝུའུ་ཝུན་པིན་གྱིས་རྒན་རྒོན་གྱིས་སྦྱོང་བརྡར་རྒྱུན་འཁྱོངས་བྱེད་པ་དང་དུས་མཚུངས་རྒྱུན་གཏན་འཚོ་བའི་ཁྲོད་གཉིད་ཁུག་པའི་དུས་ཚོད་དང་འཚོ་བཅུད་འདང་ངེས་འགན་ལེན་བྱས་ནས་ལུས་པོའི་ནད་འགོག་ནུས་པ་ཆེ་རུ་གཏོང་དགོས་པའི་དྲན་སྐུལ་བྱས་པ་རེད།

(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-11 6 6 拉萨日报藏文 c182365.html 1 རིགས་གཅིག་མཁས་ཅན་གྱིས་རྒན་རྒོན་རྣམས་དབྱར་དུས་སུ་སྦྱོང་བརྡར་བྱེད་སྐབས་དོ་སྣང་བྱེད་དགོས་པའི་དོན་གནད་དྲན་སྐུལ་བྱས་པ། /enpproperty-->