分享按钮

རྒྱལ་ཁབ་གློག་དྲས་ཐབས་མང་མཉམ་སྤྱོད་ཀྱིས་ནུས་རྒྱུ་གསར་པའི་རླངས་འཁོར་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་ཕར་འགྲོ་ཚུར་འོང་བྱེད་པར་ཞབས་འདེགས་ཞུས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཚེས་9ཉིན་གསར་འགོད་པས་རྒྱལ་ཁབ་གློག་དྲ་ནས་ཤེས་རྟོགས་བྱས་པར་གཞིགས་ན། ལྔ་པའི་ཚེས་ལྔ་ཡི་དུས་ཆེན་གྱི་གུང་གསེང་རིང་ས་ཁུལ་མང་པོའི་མྱུར་བགྲོད་གཞུང་ལམ་དུ་གློག་གསོག་མང་བའི་དུས་སླེབས་པ་དང་རྒྱལ་ཁབ་གློག་དྲས་སྔ་སྣུར་དུ་བཀོད་སྒྲིག་བྱས་ནས་བྱ་ཐབས་མང་པོ་སྤྱད་དེ་གློག་གསོག་འགན་ལེན་གྱི་ཞབས་ཞུ་ཡག་པོ་བསྒྲུབས་པ་རེད།

རྒྱལ་ཁབ་གློག་དྲའི་རིག་ལྡན་རླངས་འཁོར་དྲ་སྦྲེལ་ལས་སྟེགས་ཀྱིས་སྔོན་དཔག་བྱས་པར་གཞིགས་ན། ལྔ་པའི་ཚེས་ལྔ་ཡི་དུས་ཆེན་གྱི་གུང་གསེང་སྐབས་ལས་སྟེགས་མྱུར་བགྲོད་གཞུང་ལམ་དུ་ཉིན་རེར་ཆ་སྙོམས་གློག་གསོག་ཐེངས་གྲངས་ཁྲི་15ལས་བརྒལ་རྒྱུ་ཡིན་པ་དེ་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆ་30ལས་བརྒལ་བ་ཡོད། དུས་ཆེན་གྱི་འགྲོ་སྐྱོད་ལ་གློག་གསོག་བདེ་འཇགས་དང་བློས་འགེལ་ཆོག་པའི་འགན་ལེན་བྱ་ཆེད། རྒྱལ་ཁབ་གློག་དྲས་གྲངས་གཞི་ཆེན་པོར་དབྱེ་ཞིབ་བྱས་པ་བརྒྱུད་དུས་ཆེན་གྱི་འགྲོ་སྐྱོད་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་བྲེལ་འཚུབ་ཆེ་བའི་གློག་གསོག་ས་ཚིགས་6800ལྷག་ཙམ་བདམས་ནས་དུས་ཆེན་མ་བཏང་གོང་དམིགས་བསལ་སྐོར་ཞིབ་ཞིབ་བཤེར་བྱས་ཏེ་གློག་གསོག་སྒྲིག་ཆས་ཡག་ཤོས་སུ་གནས་པའི་འགན་ལེན་བྱས་པ་དང་འབྲེལ་དུས་ཆེན་མ་བཏང་གོང་མྱུར་བགྲོད་འགྲོ་སྐྱོད་ཞབས་ཞུའི་ཕྱོགས་སྟོན་ཁྱབ་བསྒྲགས་བྱས་ནས་རླངས་འཁོར་ཁ་ལོ་བར་འགྲོ་ལམ་གྱི་གནས་ཚུལ་སྔོན་དཔག་དང་མྱུར་བགྲོད་མཐའ་འཁོར་གྱི་གློག་གསོག་ས་ཚིགས་ཀྱི་ཆ་འཕྲིན་མཁོ་འདོན་བྱས་ཏེ་རླངས་འཁོར་ཁ་ལོ་བར་འགྲོ་སྐྱོད་བཀོད་སྒྲིག་ལུགས་མཐུན་བྱ་རྒྱུར་རོགས་རམ་ཧུར་ཐག་བྱས་པ་རེད།

རྒྱལ་ཁབ་གློག་དྲའི་རིག་ལྡན་རླངས་འཁོར་དྲ་སྦྲེལ་ལག་རྩལ་ཚད་ཡོད་ཀུང་སིའི་ལྟ་སྐུལ་ཚོད་འཛིན་ལྟེ་གནས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་ཧྲི་ཧྲོང་ལུང་གིས་ལྔ་པའི་དུས་ཆེན་གྱི་གུང་གསེང་རིང་ཕྱིར་སྐྱོད་བྱས་ནས་གློག་གསོག་མང་བར་དམིགས་ཏེ་རྒྱལ་ཁབ་གློག་དྲས་མྱུར་བགྲོད་གཞུང་ལམ་སོགས་ཀྱི་གཙོ་གནད་ས་ཚིགས་སུ་དགོས་མཁོ་ལྟར་སྒུལ་བདེའི་གློག་གསོག་སྒྲིག་ཆས་མང་དུ་བཏང་བ་དང་། འཕྲལ་སྡོམ་གློག་གསོག་གཱ་སྒྲིག་སྦྱོར། སྣེ་ཁྲིད་བརྡ་འཕྲིན་མང་དུ་གཏོང་བ་བཅས་བྱས་ནས་ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ཏེ་གློག་སྒུལ་རླངས་འཁོར་གྱི་གུང་གསེང་གི་གློག་གསོག་མང་བའི་དུས་ཚོད་ཐུང་ངུའི་ནང་གློག་གསོག་པ་དང་བསགས་ཚར་རྗེས་ལམ་སེང་ཐོན་རྒྱུ་བཅས་ལ་ཁྲིད་སྟོན་བྱས་པ་རེད། དེ་དང་ཆབས་ཅིག་ཉིན་ལྟར་eགློག་གསོག་Appབརྒྱུད་གློག་གསོག་འཛིན་ཤོག་15000སྤྲད་དེ་ལག་རྩལ་དང་དཔལ་འབྱོར་གྱི་བྱ་ཐབས་ཐོག་ནས་རླངས་འཁོར་གྱི་ཁ་ལོ་བས་མྱུར་བགྲོད་འཛུལ་སའི་ཉེ་འགྲམ་གྱི་གྲོང་ཁྱེར་གྱི་གློག་གསོག་ས་ཚིགས་སུ་གློག་གསོག་པར་ཁྲིད་སྟོན་བྱས་ཏེ་མྱུར་བགྲོད་ཞབས་ཞུའི་ཁུལ་གྱི་གློག་གསོག་གནོན་ཤུགས་ཆུང་དུ་བཏང་རྒྱུ་དང་། རླངས་འཁོར་གྱི་ཁ་ལོ་བ་སྒུག་ཡུན་ཉུང་དུ་བཏང་སྟེ་རླངས་འཁོར་གྱི་ཁ་ལོ་བས་འགྲོ་སྐྱོད་ཉམས་ལེན་ཆེ་རུ་བཏང་ཡིན་པ་རེད།

ཨན་ཧུའེ་རྒྱལ་ཁབ་གློག་དྲ་ཁྲུའུ་ཀྲོའུ་གློག་འདོན་ཀུང་སིས་སྐྱེལ་འདྲེན་སྲུང་སྐྱོང་མི་སྣ་སྒྲིག་འཛུགས་བྱས་ནས་མྱུར་བགྲོད་གཞུང་ལམ་ཞབས་ཞུའི་ཁུལ་གྱི་གློག་གསོག་ཕུར་པ་ལ་ཁྱོན་ཡོངས་ཀྱིབརྟག་དཔྱད་བྱས་པ་དང་འབྲེལ་གློག་སྒུལ་རླངས་འཁོར་གྱི་ཁ་ལོ་བར་ས་གནས་ས་ཐོག་ཏུ་མཛུབ་ཁྲིད་བྱས་ནས་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་འབྱུང་འཕྲོད་ཀྱི་འགྲོ་སྐྱོད་བྱེད་པར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་པ་རེད། ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་ང་ཚོས་སྐྱེལ་འདྲེན་སྲུང་སྐྱོང་འགན་ལེན་སྟོབས་ཤུགས་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་ནུས་ཤུགས་ཡོད་རྒུས་གློག་གསོག་ཞབས་ཞུ་དང་གློག་འདོན་སྤུས་ཚད་མཐོ་རུ་བཏང་ནས་རྒྱ་ཆེའི་ནུས་རྒྱུ་གསར་པའི་རླངས་འཁོར་སྤྱོད་མཁན་ལ་སྣེ་ཁྲིད་ཀྱིས་སེམས་ཁྲལ་སེལ་རྒྱུ་ཡིན་ཞེས་རྒྱལ་ཁབ་གློག་དྲ་ཁྲུའུ་ཀྲོའུ་གློག་འདོན་ཀུང་སིའི་ཏ་ཐུང་གློག་འདོན་སུའོ་ཡི་སུའོ་ཀྲང་ལིང་ཁའེ་ཡིས་བཤད།

ཧྥུའུ་ཅན་ཀྲང་ཀྲོའུ་རུ་ས་གནས་དེ་གའི་གློག་འདོན་ཀུང་སིས་ཡུལ་སྐོར་མཛེས་ལྗོངས་དང་གྲོང་གསེབ་དར་རྒྱས་བཏང་ས་སོགས་ལ་དམིགས་ཏེ་དུས་ཆེན་མ་བཏང་གོང་གི་དམིགས་བསལ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་སྐྱོན་ཤོར་ཚུལ་སྔ་སྣུར་དུ་ཤེས་རྟོགས་དང་ཐག་གཅོད་བྱས་པ། འཕྲལ་སྡོམ་སྔོན་ཇུས་བཟོས་པ། མཉམ་འགུལ་ལམ་སྲོལ་དོན་འཁྱོལ་བཅས་བྱས་ནས་གློག་གསོག་སྒྲིག་བཀོད་རྒྱུན་གཏན་དང་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་པ་རེད། གུང་གསེང་སྐབས་ཆུ་ཚོད་24ཡི་དྲ་ཐོག་དང་ཕྱིའི་འགན་ལེན་ཞབས་ཞུ་མཁོ་འདོན་བྱེད་པ་དང་གློག་གསོག་ཕུར་པ་སྐྱེལ་འདྲེན་དང་སྲུང་སྐྱོང་མི་སྣའི་ཁ་པར་སྦྱར་ནས་མཁོ་མཁན་གྱི་གློག་གསོག་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་ཀྱི་ཡོད་པ་རེད། གུང་གསེང་རིང་གློག་གསོག་ས་ཚིགས་ཁག་གཅིག་གི་གློག་གསོག་གྲལ་སྒྲིག་པའི་གནད་དོན་ལ་དམིགས་ཏེ་འགྲུལ་པར་ཞབས་ཞུའི་མི་སྣ་བཀོད་སྒྲིག་བྱས་ནས་ས་གནས་ས་ཐོག་ཏུ་སྣེ་ཁྲིད་བྱས་ཏེ་ཤར་གཏོང་བྱས་པ་དང་འབྲེལ་གུང་གསེང་རིང་གློག་དཀོན་པའི་འཁོར་རིགས་ལ་སྒུལ་བདེའི་གློག་གསོག་ནོར་བའི་འཕྲལ་སྡོམ་ནུས་གསབ་ཞབས་ཞུ་མཁོ་འདོན་བྱས་པ་རེད།

ཐེན་ཅིན་དུ་ས་གནས་དེ་གའི་གློག་ཤུགས་སྡེ་ཚན་གྱིས་དུས་ཆེན་མ་བཏང་གོང་གློག་གསོག་ཕུར་པ་ཚང་མ་སྐྱེལ་འདྲེན་བྱེད་པའི་ཞིབ་བཤེར་ལས་དོན་ལེགས་སྒྲུབ་བྱས་ནས་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་དགོས་མཁོ་འགན་ལེན་བྱས་པ་རེད། རྒྱལ་ཁབ་དྲ་བའི་ཐེན་ཅིན་གློག་སྒུལ་རླངས་འཁོར་ཀུང་སིའི་འཛུགས་སྐྲུན་གཉེར་སྐྱོང་པུའི་ཀྲུའུ་རེན་ཀྲའོ་དབྱིན་ཁྲུན་གྱིས་ལྔ་པའི་ཚེས་ལྔའི་དུས་ཆེན་གུང་གསེང་གི་ལམ་ཐུང་འགྲོ་སྐྱོད་ཀྱི་དགོས་མཁོར་དམིགས་ཏེ་རྒྱལ་ཁབ་དྲ་བ་ཐེན་ཅིན་གློག་ཤུགས་ཀྱིས་མྱུར་བགྲོད་གཞུང་ལམ་དང་། མཛེས་ལྗོངས་ཁུལ། དེ་བཞིན་གཙོ་གནད་སྤྱི་སྤྱོད་རླངས་འཁོར་གློག་གསོག་ས་ཚིགས་བཅས་སུ་འཕྲལ་སྡོམ་གློག་གསོག་སྒྲིག་ཆས་15དང་སྐྱེལ་འདྲེན་སྲུང་སྐྱོང་འགན་ལེན་མི་སྣ་116བཀོད་སྒྲིག་བྱས་ནས་གློག་གསོག་མཁན་གྲལ་སྒྲིག་པ་དང་གློག་གསོག་ལ་སྐྱོན་ཤོར་སོགས་ཀྱི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཡོད།

སི་ཁྲོན་དུ་རྒྱལ་ཁབ་གློག་དྲ་སི་ཁྲོན་གློག་སྒུལ་རླངས་འཁོར་ཀུང་སིས་ཨན་རྫོང་དང་ཤིན་ཅིན་སོགས་མྱུར་བགྲོད་གཞུང་ལམ་ཞབས་ཞུའི་ཁུལ་15ཡི་གློག་གསོག་ས་ཚིགས་སྔ་སྣུར་དུ་ཆེ་རུ་བཏང་ནས་གློག་གསོག་སྒྲིག་ཆས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་མེད་པ་བཟོས་ཡོད་པ་རེད། གྲངས་གཞི་ཆེན་པོའི་སྔོན་དཔག་བྱས་པ་བརྒྱུད་དེའི་ནང་གི་མི་མངོན་པའི་གློག་གསོག་ས་ཚིགས་12ལ་ས་གནས་ས་ཐོག་གི་ལས་རེས་མི་སྣ་མང་དུ་བཏང་ནས་གློག་གསོག་སྣེ་ཁྲིད་དང་འཕྲལ་སྡོམ་ལས་དོན་སྤེལ་ཏེ་ནུས་རྒྱུ་གསར་པའི་རླངས་འཁོར་གྱི་གློག་གསོག་དགོས་མཁོ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་བསྐངས་པ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-11 6 6 拉萨日报藏文 c182364.html 1 རྒྱལ་ཁབ་གློག་དྲས་ཐབས་མང་མཉམ་སྤྱོད་ཀྱིས་ནུས་རྒྱུ་གསར་པའི་རླངས་འཁོར་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་རིང་ཕར་འགྲོ་ཚུར་འོང་བྱེད་པར་ཞབས་འདེགས་ཞུས་པ། /enpproperty-->