分享按钮

རང་རྒྱལ་གྱི་ཚན་རིག་མཁས་ཅན་ལ་མཚོ་བོད་ས་མཐོའི་གཏད་རྒྱུག་བང་རིམ་གྱི་རླུང་ཁམས་ཆེན་མོར་བསྟུད་མར་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ཐོག་མར་ཐོབ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་9ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱས་པར་གཞིགས་ན། སུའོ་དེའི་ཚན་ཞིབ་ཚོགས་པར་མཚོ་བོད་ས་མཐོའི་གཏད་རྒྱུག་བང་རིམ་གྱི་རླུང་ཁམས་ཆེན་མོར་དབྱིབས་ཐིག་གི་ལོ་གསུམ་བསྟུད་མར་ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞི་ཐོག་མར་ཐོབ་པ་དེས་མཚོ་བོད་ས་མཐོའི་གནམ་གཤིས་བརྒྱུད་རིམ་དང་ཁོར་ཡུག་འགྱུར་ལྡོག་ལ་ཞིབ་འཇུག་དང་གནམ་གཤིས་ངན་པར་སྔོན་བརྡ་གཏོང་བ་སོགས་ལ་གྲངས་གཞིའི་འདེགས་སྐྱོར་ཐུབ་རྒྱུ་རེད། འབྲེལ་ཡོད་གྲུབ་འབྲས་ཉིན་ཤས་གོང་རིག་གཞུང་དུས་དེབ《རླུང་ཁམས་ཆེན་མོའི་ཚན་རིག་གི་འཕེལ་རིམ》ཐོག་སྤེལ་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། རླུང་ཁམས་ཆེན་མོའི་དབྱིབས་ཐིག་ཞེས་པ་ནི་མཐོ་ཚད་མི་འདྲ་བའི་རླུང་ཁམས་ཆེན་པོའི་ནང་གི་གསོ་རླུང་དང་། ཆུ་རླངས། ཕྲ་ཚད་རླུང་གཟུགས་གཞན་དག་བཅས་ཀྱི་དྲང་འཕྱང་ཁྱབ་ཚུལ་གྱི་གཞི་གྲངས་ལ་ཟེར། 2021ལོར། རང་རྒྱལ་གྱིས་མཚོ་བོད་ས་མཐོའི་གཏད་རྒྱུག་བང་རིམ་གྱི་རླུང་ཁམས་ཆེན་པོའི་རླབས་ཕྲན་འགྱེད་འཕྲོའི་རྩིས་ཆས་ལྟ་ཞིབ་ཚད་ལེན་དྲ་རྒྱ་བཙུགས་ནས། གནམ་གཤིས་ཆ་རྐྱེན་ཚང་མའི་འོག་དུས་ཐོག་ཏུ་བསྟུད་མར་ལས་རེས་མེད་པའི་ལྟ་ཞིབ་ཚད་ལེན་བྱས་པ་རེད། རྩོམ་ཡིག་གི་རྩོམ་པ་པོ་དང་པོ་སྟེ་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཁྲེན་ཞུའེ་ལུང་གིས་ཞིབ་འཇུག་དེའི་ནང་། ཚོགས་པས་རླབས་ཕྲན་འགྱེད་འཕྲོའི་རྩིས་ཆས་9དང་། སྐུད་མེད་གློག་མཁའ་ཞིབ་ས་ཚིགས་8སྤྱད་དེ་མཚོ་བོད་ས་མཐོའི་གཏད་རྒྱུག་བང་རིམ་གྱི་རླུང་ཁམས་ཆེན་པོའི་ལངས་གཟུགས་ལྟ་ཞིབ་ཚད་ལེན་དྲ་བ་བཙུགས་ནས། མཚོ་བོད་ས་མཐོའི་གཏད་རྒྱུག་བང་རིམ་གྱི་རླུང་ཁམས་ཆེན་མོའི་དབྱིབས་ཐིག་གི་ལོ་གསུམ་བསྟུད་མར་ལྟ་ཞིབ་ཚད་ལེན་བྱས་པའི་གྲངས་གཞི་ཐོག་མར་ཐོབ་པར་མ་ཟད། འབྲེལ་ཡོད་དབྱེ་ཞིབ་ཞིབ་འཇུག་ཀྱང་བྱས་པ་རེད་ཅེས་བཤད།

རྩོམ་ཡིག་དེའི་གསར་འགྱུར་རྩོམ་པ་པོ་སྟེ་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་མ་ཡའོ་མིང་གིས་མཚོ་བོད་ས་མཐོའི་གཏད་རྒྱུག་བང་རིམ་གྱི་རླུང་ཁམས་ལངས་གཟུགས་ལྟ་ཞིབ་ཚད་ལེན་དྲ་བས་ས་མཐོའི་གཏད་རྒྱུག་བང་རིམ་གྱི་རླུང་ཁམས་ཆེན་པོའི་དྲོད་ཚད་དང་བརླན་ཚད་ཚད་འཇལ་བྱས་པ་གནད་ལ་འཁེལ་བ་དང་། ས་མཐོའི་གཏད་རྒྱུག་བང་རིམ་གྱི་རླུང་ཁམས་ཆེན་མོའི་ཆུ་དྲོད་གྲུབ་ཆའི་འགྱུར་ལྡོག་ལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ། ལྟ་ཞིབ་ཚད་ལེན་གྲངས་གཞིས་མཚོ་བོད་ས་མཐོའི་གནམ་གཤིས་བརྒྱུད་རིམ་གྱི་འབྲེལ་ཡོད་ཞིབ་འཇུག་ལ་རྒྱབ་སྐྱོར་བྱེད་པ་ཕུད། ད་དུང་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་གི་འབྲེལ་ཡོད་ཞིབ་འཇུག་ལ་འདེགས་སྐྱོར་ཡང་བྱེད་ཐུབ་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ས་མཐོའི་གཏད་རྒྱུག་བང་རིམ་གྱི་རླུང་ཁམས་ཆེན་པོའི་ལངས་གཟུགས་ལྟ་ཞིབ་ཚད་ལེན་དྲ་བའི་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་མིག་སྔར་ཕྱི་ཕྱོགས་སུ་སྒོ་མོ་དབྱེ་ཡོད་པ་རེད། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-11 6 6 拉萨日报藏文 c182362.html 1 རང་རྒྱལ་གྱི་ཚན་རིག་མཁས་ཅན་ལ་མཚོ་བོད་ས་མཐོའི་གཏད་རྒྱུག་བང་རིམ་གྱི་རླུང་ཁམས་ཆེན་མོར་བསྟུད་མར་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ཐོག་མར་ཐོབ་པ། /enpproperty-->