分享按钮

བྱང་ཆིངས་ཀྱི་དྲུང་ཆེ་ཡིས་ཡུག་རེན་ལ་དམག་མི་གཏོང་བའི་འཆར་གཞི་མེད་ཅེས་བརྗོད་པ།

ཚེས་6ཉིན། བྱང་ཆིངས་རྩ་འཛུགས་ཀྱི་དྲུང་ཆེ་ཡན་སི·སི་ཐུའར་ཐེང་པེ་ཀེས་བྱང་ཆིངས་ཀྱིས་ཡུག་རེན་ལ་དམག་དོན་སྟོབས་ཤུགས་བཀོད་སྒྲིག་བྱེད་པའི་འཆར་གཞི་མེད་ཅེས་བརྗོད་པ་རེད།

ཧྥིན་ལན་དུ་འཚམས་འདྲི་བྱེད་བཞིན་པའི་སི་ཐུའར་ཐེང་པེ་ཀེས་ཉིན་དེར་གསར་འགོད་པའི་ཚོགས་འདུའི་ཐོག་གོང་གསལ་གྱི་གཏམ་དེ་བཤད་པ་དང་། ཧྥིན་ལན་གྱི་སྲིད་འཛིན་ཡ་ལི་ཧྲན་ཏ·སི་ཐུའུ་པུའུ་ཡིས་གསར་འགོད་པའི་ཚོགས་འདུའི་ཐོག་ཧྥིན་ལན་གྱིས་ཀྱང་ཡུག་རེན་ལ་དམག་མི་གཏོང་བའི་འཆར་གཞི་མེད་ཅེས་བཤད་པ་རེད།

སི་ཐུའར་ཐེང་པེ་ཀེའི་གཏམ་ལ་གཞིགས་ན། བྱང་ཆིངས་ཕྱོགས་ཀྱིས་དོ་ཁུར་བྱེད་པ་ནི་ཡུག་རེན་ལ་རྒྱབ་སྐྱོར་བྱེད་པའི་སྒྲོམ་གཞི་དེ་བས་སྟོབས་ཆེན་ཞིག་འཛུགས་པ་དང་། དེ་བཞིན་ཡུག་རེན་ལ“ཡུན་རིང་གི་ནོར་སྲིད་ཐད་ཁས་ལེན”ཡོང་ཐབས་བྱ་རྒྱུ་དེ་ཡིན་པ་རེད། ཁོང་གིས་འདས་ཟིན་པའི་ཟླ་བ་ཁ་ཤས་ནང་ཡུག་རེན་ལ་དམག་དོན་ཐད་རྒྱབ་སྐྱོར་བྱས་པར“མི་འདང་ས”དང“ནར་འགྱངས”ཀྱི་གནད་དོན་ཁག་ཅིག་ཐོན་པས་བྱང་ཆིངས་ཀྱིས་གནས་ཚུལ་དེ་དག“སླར་ཡང་མི་ཐོན་པར”བྱེད་དགོས་ཞེས་བཤད་པ་རེད།

སི་ཐུའར་ཐེང་པེ་ཀིའི་འཚམས་འདྲི་དེ་ནི་ཧྥིན་ལན་བྱང་ཆིངས་སུ་ཞུགས་རྗེས་ཧྥིན་ལན་ལ་

འཚམས་འདྲི་ཐོག་མ་བྱས་པ་དེ་ཡིན་པ་རེད། ཡུག་རེན་གྱི་ཉམས་ཉེན་ཁྱོན་ཡོངས་ནས་ཆེ་རུ་ཕྱིན་རྗེས། དམག་དོན་བར་གནས་ཀྱི་རྩ་དོན་ཡུན་རིང་ལག་ལེན་བསྟར་མཁན་ཡོ་རོབ་བྱང་མའི་རྒྱལ་ཁབ་ཧྥིན་ལན་དང་སུའེ་ཏེན་གཉིས་ཀྱིས་བྱང་ཆིངས་ནང་ཞུགས་རྒྱུའི་རེ་ཞུ་བྱས་པར་མ་ཟད། ཁག་སོ་སོའང་2023ལོའི་ཟླ་4པ་དང་ད་ལོའི་ཟླ་3པར་དངོས་སུ་བྱང་ཆིངས་ནང་ཞུགས་པ་རེད།

གསར་འགོད་པས་ཨུ་རུ་སུས་བྱང་ཆིངས་ཁོངས་གཏོགས་ཀྱི་རྒྱལ་ཁབ་ལ་ཕར་རྒོལ་བྱེད་སྲིད་དམ་ཞེས་སྐད་ཆ་འདྲི་སྐབས། སི་ཐུའར་ཐེང་པེ་ཀེས་བྱང་ཆིངས་ཕྱོགས་ཀྱིས“བྱང་ཆིངས་ཀྱི་མནའ་གྲོགས་གང་ལའང་ཁ་ཚ་དགོས་གཏུག་གི་དམག་དོན་གྱི་འཇིགས་སྐུལ”མཐོང་མ་བྱུང་ཞེས་བཤད་པ་དང་། “དམག་འཁྲུག་རྗེས་མ་འགོ་ཚུགས་གྲབས་ཡོད་པའི་བསམ་ཚུལ་ནི་ནོར་འཁྲུལ་ཡིན་པ”ངོས་འཛིན་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།

ཉིན་དེར་ཨུ་རུ་སུའི་སྲིད་འཛིན་ཧྥུའུ་ལཱ་ཅི་སྨི་ཨར་·ཕུའུ་ཅིང་

གིས་ཨུ་རུ་སུས་བྱང་ཆིངས་ཁོངས་གཏོགས་ཀྱི་རྒྱལ་ཁབ་ལ་ཕར་རྒོལ་བྱེད་སྲིད་ཅེས་པའི་ནུབ་ཕྱོགས་ཀྱི་ཤོད་སྟངས་དེའི་ཐད་གླེང་སྐབས། དེ་ནི“ཁུངས་མེད་ཀྱི་གཏམ་གླེང”ཁོ་ན་ལས་མ་འདས་ཞེས་བཤད་པ་རེད།

(ཤིན་ཧྭ་གསར་འགྱུར་ཁང་གི་དམིགས་བསལ་གསར་འགྱུར)

(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-10 6 6 拉萨日报藏文 c182351.html 1 བྱང་ཆིངས་ཀྱི་དྲུང་ཆེ་ཡིས་ཡུག་རེན་ལ་དམག་མི་གཏོང་བའི་འཆར་གཞི་མེད་ཅེས་བརྗོད་པ། /enpproperty-->