分享按钮

བོད་ལྗོངས་ཀྱིས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལ་མུ་མཐུད་སྐུལ་འདེད་བཏང་ནས་རི་སྔོན་ཆུ་དྭངས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་པ།

(པར་ངོས་དང་པོར་མཐུད)2022ལོ་ནས་2023ལོ་བར་རི་སྟེང་དུ་རིམ་རྩིས་བྱས་ན་ཆུ་གསོག་རྫིང་བུ་601བསྐྲུན་པ་དང་། ཆུ་འཐེན་ས་ཚིགས་96བཙུགས་པ།ཆུ་སྦུག་སྟོང་སྨི་774.78ཁྲོད། གློག་གནོན་སྒྱུར་ཆས་210སྒྲིག་སྦྱོར་བྱས་པ། གློག་སྐུད་སྟོང་སྨི་136.776འཐེན་པ། འགྲོ་ལམ་65ཡི་ལམ་ཚད་སྟོང་སྨི་130.816བསྐྲུན་པ་སོགས་བྱས་པ་དང་།སློབ་སྦྱོང་ཞིབ་ཚགས་དང་ཚན་རྩལ་པའི་མཛུབ་ཁྲིད་བྱས་པ་བརྒྱུད། ཤིང་སོན་གསོན་ཚད་རིམ་བཞིན་མང་དུ་ཕྱིན་ཡོད།

མུ་མཐུད་ཤིང་འཛུགས་ནགས་བཟོ་བྱས་ནས་ལྷ་ས་སྔོ་ལྗང་ཅན་དུ་འགྱུར་བར་བྱེད་པ།

ལོ་13འདས་ཟིན། ད་ལོའི་ལོ་འགོ་བར་ལྷོ་རིའི་སྤྱི་གླིང་དུ་2012ལོའི་ལྷོ་རིའི་སྤྱི་གླིང་གི་སྔོ་འགྱུར་དང་། 2013ལོའི་ལྷོ་རིའི་སྤྱི་གླིང་གི་སྔོ་འགྱུར་ཚོད་ལྟའི་རྣམ་གྲངས། ལྷ་ས་གྲོང་ཁྱེར་གྱི་རི་ཀླུང་ནགས་གསོའི་ཁོར་ཡུག་སྙོམས་སྒྲིག་ལག་རྩལ་དང་ཐན་པ་ཐེག་ཐུབ་པའི་ཤིང་རིགས་གདམ་གསེས་དང་ཞིབ་འཇུག་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་ནས་ཤིང་འཛུགས་ནགས་བཟོའི་སྔོ་འགྱུར་གྱི་རྒྱ་ཁྱོན་ལ་མུའུ་3521.7ཟིན་པ་དང་གསོན་ཚད་བརྒྱ་ཆ་85ཡན་ཟིན་ཡོད། གསོམ་སྡོང་དང་ཐང་ཤིང་སོགས་ཤིང་སོན་སྣ་ཁ་100ལྷག་ཙམ་བཏབ་ཡོད་པ་རེད།

ཚོད་རྩིས་བྱས་པ་བརྒྱུད། ལྷོ་རིའི་ཤིང་འཛུགས་ནགས་བཟོའི་སྔོ་འགྱུར་གྱི་རྒྱ་ཁྱོན་ལ་ལོ་ལྟར་ཆུ་ཁུངས་གསོ་སྐྱོང་དང་། ས་ཆུ་སྲུང་སྐྱོབ། མཁའ་རླུང་གཙང་འགྱུར་སོགས་ཀྱི་ཕྱོགས་བསྡུས་རིན་ཐང་སྒོར་ཁྲི་410ལས་བརྒལ་ཡོད། ཐོག་མའི་ས་རྒྱུ་ཞན་པ་ནས་ད་ཆ་རི་བོ་སྔོ་ལྗང་ཅན་དུ་གྱུར་ཡོད། ད་ལྟའི་ལྷོ་རིའི་སྤྱི་གླིང་དུ་ཤིང་རིགས་སྣ་ཚོགས་ཀྱིས་ཁེངས་ཤིང་སྔོ་ཐིང་ཐིང་དུ་གྱུར་པ་དང་། ཡུལ་ལྗོངས་མཛེས་པའི་ཁར་ཡུལ་སྐོར་དུ་ཡོང་མཁན་མང་བས་འཁྲུག་ཆ་དོད་པོ་ཞིག་ཏུ་གྱུར་ཡོད།

ལོ་13རིང་། ལྷོ་རིའི་སྤྱི་གླིང་དུ་ཡུལ་སྐོར་སྤྲོ་འཆམ་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་མི་ཆེས་མང་བའི་དུས་སུ་སྤྱི་གླིང་དུ་ཉིན་རེར་ཡུལ་སྐོར་དང་སྤྲོ་འཆམ་བྱེད་མཁན་མི་ཁྲི་2ལྷག་ཙམ་ཟིན་གྱི་ཡོད་པ་རེད། ད་ལྟ་བཀྲ་ཤིས་ཆོས་འཕེལ་གྱི་ལག་ཐོགས་ཁ་པར་ནང་ཕལ་ཆེར་ལྷོ་རིའི་སྤྱི་གླིང་གི་འདྲ་པར་གྱིས་ཁེངས་ཡོད་ཅིང་། པར་དེ་དག་ནི་ཁོང་དང་ཡུལ་སྐོར་བས་མཉམ་དུ་བླངས་པའི་པར་དང་། ཡང་ན་ཁོང་གིས་ཡུལ་སྐོར་བར་བླངས་པའི་གཉེན་སྒྲིག་པར་སོགས་ཡིན། ཁ་བ་འབབ་སྐབས་ཁོང་གིས་བླངས་པའི་འདྲ་པར་དང་བརྙན་ལམ་ལས་ལྷོ་རིའི་མེ་ལོང་ལྟ་བུའི་མཚེའུ་ཡི་མདུན་དུ་པར་ལེན་པ་མང་པོ་འཛོམས་པ་དང་། ནགས་ཚལ་གྱི་ཁྲོད་དུ་མཆོང་རྒྱུག་བྱེད་པའི་སྲོག་ཆགས་ཆུང་ཆུང་སྣ་ཚོགས་ཡོད་པ། ད་དུང་ཁོང་གིས“ལྗོན་ཤིང་རབས་གཉིས་པ”ཞེས་འབོད་པའི་ཤིང་སོན་གསར་པ་སོགས་མངོན་པ་ལས་དུས་ཚོད་ཀྱི་འགྲོས་དང་དུས་རབས་ཀྱི་འཕོ་འགྱུར་ཚོར་ཐུབ་ཅིང་། ལྷ་ས་བས་ལྗོན་ཤིང་རེ་རེ་བཞིན་འདེབས་འཛུགས་བྱས་པའི་གྲུབ་འབྲས་དང་སེམས་ནང་གི་དད་མོས་ཚོར་ཐུབ།

ལྷོ་རིའི་སྤྱི་གླིང་གི་འགྱུར་ལྡོག་ཕྲན་བུ་དེ་བཀྲ་ཤིས་ཆོས་འཕེལ་གྱི་སེམས་སུ་རྡོ་ལ་རི་མོ་བྲིས་པ་བཞིན་བཀོད་ཡོད། ཁོ་གཅིག་པུར་རི་སྐོར་ལམ་ལ་ཞུགས་ནས་སྐྱོད་སྐབས། ལྷ་སའི་ལྷོ་བྱང་རི་བོ་སྔོ་ལྗང་ཅན་དུ་བསྒྱུར་བའི་ལས་གྲྭ་ཚང་མ་ལེགས་གྲུབ་བྱུང་རྗེས་ལྷ་སའི་ལྷོ་རི་དང་ལྷ་ས་གྲོང་ཁྱེར་ཅི་འདྲ་ཡིན་ནམ། ལོ་འགའི་སྔོན་ལ་ལྟོ་སྟེར་མྱོང་བའི་རི་སྐྱེས་སྲོག་ཆགས་ཝ་ཕྲུག་དེ་ད་ལྟ་ཧ་ལམ་ཆེན་པོ་ཆགས་ཡོད་པ་སོགས་ཡིད་ལ་འཁོར་གྱི་ཡོད།

མི་ཚང་མས་མཐོང་གསལ་ལྟར་ན། ལྷ་སའི་ལྷོ་རི་སྔོ་ལྗང་ཅན་དུ་གྱུར་པ་དང་ལྷ་ས་ཡང་སྔོ་ལྗང་དུ་གྱུར་ཡོད། ཤིང་སོན་རེ་རེ་བཞིན་བར་མཚམས་མེད་པར་འདེབས་འཛུགས་བྱས་པ་ཕུད། ད་དུང་ཁོ་ཚོར་རྒྱབ་རྟེན་ཡག་ཤོས་ཡོད་པ་སྟེ།

རྔ་ཆེན་ཡུག་སྦྲེལ་ཁུལ་ཨང་དང་པོའི་ལས་བཟོ་པ་ཚོས་དུས་ཚོད་སྐར་ཆ་རེ་རེ་བཞིན་བརྩོན་ལེན་བྱས་པ་བརྒྱུད། གློག་འདོན་འགན་ལེན་ལས་གྲྭ་སྔ་སྣུར་དུ་ལེགས་གྲུབ་བྱུང་ནས་ཤིང་སོན་ལ་ཆུ་འདྲེན་རྒྱུར་གློག་ཤུགས་འདང་ངེས་མཁོ་འདོན་བྱས་པ།

དོག་སྡེ་ལུང་ཤུར་གྱི་ཡུག་སྦྲེལ་ཁུལ་དང་པོའི་རི་མང་ཆེ་བ་རྡོ་དང་བྱེ་མ་ཡིན་ཞིང་། སྟོད་རྒྱུད་ཀྱི་ས་བབ་གཡང་གཟར་ཡིན་པས་མི་མེད་གནམ་གྲུ་སྤྱད་དེ་ཡུལ་གཞན་ནས་དབོར་བའི་ས་རྒྱུ་སྐྱེལ་འདྲེན་བྱེད་པ་ལས་ཐབས་གཞན་མེད།

ཆུ་ཤུར་རྫོང་ཚར་པ་ནང་གྲོང་ཚོའི་ཡུག་སྦྲེལ་ཁུལ་དུ་དྲེལ་ཁོ་ན་འགྲོ་ཐུབ་པའི་ལམ་ཞིག་ཡོད་པ་དང་། དྲེལ་བཅུ་ཕྲག་ཁ་ཤས་ལས་གྲུབ་པའི་དྲེལ་གྱི་རུ་ཁག་གིས་ཆུ་ཤུར་རྫོང་ཚར་པ་ནང་གྲོང་ཚོའི་རྒྱུ་ཆ་སྣ་ཚོགས་སྐྱེལ་འདྲེན་བྱེད་པའི་ལས་འགན་འཁུར་གྱི་ཡོད།

སྟག་རྩེ་ཆུས་པད་ནག་ཡུག་སྦྲེལ་ཁུལ་དང་པོ་ནི་རིམ་པ་དང་པོའི་གཤེར་འཐེན་ས་ཚིགས་ཤིག་ཡིན། ཨར་ལས་བྱ་ཡུལ་དུ་རྐོ་འདྲུའི་འཕྲུལ་འཁོར་ཁ་ཤས་ཀྱིས་སྔོ་ལྗང་ཁུལ་དུ་ཆུ་འཐེན་གྱི་ལེ་ལག་ཚང་བའི་ལས་གྲྭ་སྐྲུན་བཞིན་ཡོད་ཅིང་། ཁོང་ཚོར“ངེས་པར་དུ་ཆུ་རི་སྟེང་ལ་འདྲེན་ཐུབ་པར་བྱ་རྒྱུའི”ཡིད་ཆེས་བརྟན་པོ་ཡོད།

སེམས་པ་གཅིག་ཏུ་མཐུན་ན་རི་བོ་གཡང་ཊིར་བསྒྱུར་ཐུབ་པ་དང་། གཞོགས་འདེགས་ཧུར་ཐག་བྱས་ན་ས་གཞི་གསེར་དུ་བསྒྱུར་ཐུབ། མི་རིགས་མི་འདྲ་བ་དང་། ས་ཁོངས་མི་འདྲ་བ། སྐད་གདངས་མི་འདྲ་བ། ལས་རིགས་མི་འདྲ་བ་བཅས་ཀྱི་མི་སྣ་མང་པོ་ཞིག་གངས་ལྗོངས་གནའ་གྲོང་གི་གནས་མཆོག་ལྷ་སར་འཛོམས་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གྲོང་ཁྱེར་དེ་སྔོ་ལྗང་དང་མཛེས་སྡུག་ལྡན་པར་བྱ་ཆེད་འབད་བརྩོན་བྱེད་བཞིན་ཡོད་པ་རེད།

2012ལོར་ས་བབ་མཐོ་བའི་ནགས་བཟོའི་ཚོད་ལྟ་དེ་ལྷོ་རིའི་སྤྱི་གླིང་དུ་སྤེལ་འགོ་ཚུགས་པ་དང་། 2015ལོར་ལྗང་མདོག་གིས་གྲོང་སྐོར་བ་ཞེས་པའི་ལས་གྲྭ་རིམ་བཞིན་སྤེལ་ཞིང་། 2018ལོ་ནས་བཟུང་ལྷོ་རིའི་ཁ་གཏད་ཀྱི་བྱང་རིར་ཡང་སྔོ་ལྗང་གི་ལས་དོན་སྤེལ་འགོ་ཚུགས་པ་རེད། དེ་ནས་བཟུང་ད་ལྟའི་བར་རྒྱལ་ཁབ་ཀྱི་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་འཐབ་ཇུས་ཀྱི་མཐོ་ཚད་ཐོག་ནས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རེས་སྐོར་གསར་པའི་ལྷོ་བྱང་རི་བོའི་སྔོ་ལྗང་ལས་གྲྭ་ལག་བསྟར་བྱེད་བཞིན་ཡོད་པ་དང་། ལོ་བཅུའི་ནང་ནགས་ཚལ་མུའུ་ཁྲི་206.72ལེགས་སྒྲུབ་བྱས་ནས“ལོ་ལྔའི་རིང་རི་ཆུ་སྔོ་ལྗང་དུ་འགྱུར་བར་བྱེད་པ་དང་ལོ་བཅུའི་རིང་ལྷ་ས་སྔོ་ལྗང་དུ་འགྱུར་བར་བྱེད་པ”ཞེས་པ་ལག་ལེན་དུ་བསྟར་ཏེ་ལོ་བཅུའི་རིང་། ལྷ་ས་སྔོ་ལྗང་དུ་འགྱུར་བར་བྱེད་པ་དང་ལྷ་ས་དེ་འབྱུང་འཕྲོད་དང་འཚམ་པའི་ས་མཐོའི་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་དུ་འགྱུར་བར་ཤུགས་སྣོན་རྒྱག་བཞིན་ཡོད།

འདུན་པ་དེའི་ཆེད་དུ། སྔོ་འགྱུར་ལས་གྲྭའི་ནང་ཞུགས་པའི་ལས་མི་མང་པོས་ལྕགས་ཁེམ་ཁྱེར་ནས་རི་སྟེང་དུ་བསྐྱོད་དེ་ཤིང་འཛུགས་ནགས་བཟོ་བྱེད་ཀྱི་ཡོད། བསྡོམས་རྩིས་ཆ་ཚང་མིན་པར་གཞིགས་ན། 2022ལོ་ནས་བཟུང་། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་ལག་བསྟར་བྱས་པ་བརྒྱུད། ཞིང་འབྲོག་པ་མི་ཐེངས་ཁྲི་450ཙམ་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་འཛུགས་སྐྲུན་ནང་ཞུགས་ནས་མང་ཚོགས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་13.5ཙམ་འཕར་རྒྱུར་སྐུལ་ཁྲིད་ཐུབ་པ་དང་ཞིང་འབྲོག་པའི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།

ལྷ་སའི་ལྷོ་བྱང་རི་བོ་གཉིས་སྔོ་འགྱུར་དང་། དྭངས་གཙང་གིས་ཆུ་བོས་གནའ་གྲོང་བསྐོར་བའི་རེ་འདུན་དེ་རིམ་བཞིན་མངོན་འགྱུར་བྱེད་བཞིན་ཡོད།

སྔོ་ལྗང་རི་ཀླུང་མི་ཡིས་ལེགས་བསྐྱངས་ན། དེ་ཡིས་མི་ལ་དྲིན་ལན་གསོ་བར་ངེས།

བོད་ལྗོངས་སུ་ལྗོན་ཤིང་སྐྱེ་མྱོང་མེད་པའི་ས་ཆ་ནགས་ཚལ་དུ་འགྱུར་ཐུབ། ལྷ་སའི་ལྷ་བྱང་རི་བོ་ནི་དཔེ་མཚོན་ཞིག་ཡིན།

བོད་བྱང་ཐང་གི་ས་མཐོར་གནས་པའི་ནག་ཆུ་ནི་དེ་སྔ་རྒྱལ་ཡོངས་ཀྱི་ལྗོན་ཤིང་མེད་པའི་གྲོང་ཁྱེར་གཅིག་པུ་དེ་ཡིན། ད་ལྟ་འདུ་ཤེས་ལ་བརྟེན་ནས་2021ལོའི་ཟླ་9པར་ས་བབ་སྨི་4300མན་གྱི“ལྗོན་ཤིང་མེད་པའི་གྲོང་ཚོ”དང་། “ལྗོན་ཤིངམེད་པའི་དུད་ཁྱིམ”མེད་པའི་ལས་འགན་ལེགས་སྒྲུབ་བྱས་ཡོད། ས་ཞིང་བྱེ་ཐང་ཅན་དུ་འགྱུར་བ་བཅོས་སྐྱོང་བྱ་ཆེད། ལྷ་ཁ་གྲོང་ཁྱེར་གྱིས་དུས་རབས་གོང་མའི་ལོ་རབས་80པ་ནས་བཟུང“ནགས་བཟོ་བཀག་སྡོམ་ཁུལ”ཞེས་བརྗོད་པའི་ཡར་ཀླུང་གཙང་པོའི་འགྲམ་དུ་འགོག་སྲུང་ཤིང་བཙུགས་ནས་ཡར་ཀླུང་གཙང་པོའི་ངོགས་གཉིས་ཀྱི་བྱེ་ཐང་མུའུ་ཁྲི་45ལྷག་ཙམ་སྔོ་ཐིང་ངེར་གྱུར་ཡོད། བོད་ཀྱི་ཤིང་འཛུགས་ནགས་བཟོའི་ཁྲོད་ཕྱིར་བཤོལ་བྱེད་པའི“འཛུགས་སྐྲུན་པ”གཅིག་ཀྱང་མེད། ལྷོ་ཁའི་སྤྱི་གླིང་དུ་ཐེངས་དང་པོར་ཡོང་བའི་ས་པེ་ཉིང་གིས་ས་གཞི་དེའི་ཐོག་གི་མི་རྣམས་ཀྱི་བློ་གྲོས་དང་སྙིང་སྟོབས་ནི་བསམ་ཡུལ་ལས་འདས་པ་ཞིག་རེད་ཅེས་བཤད། སྐྱེ་སྟོབས་དེ་རིགས་ལྗོན་ཤིང་དང་རྩྭ་ཡི་ཐོག་ནས་མཚོན་པ་ཙམ་མ་ཟད། མིའི་ཐོག་ནས་དེ་བས་ཀྱང་མཚོན་གྱི་ཡོད།

སྐབས་འགར་བོད་དུ་ལྗོན་ཤིང་འདེབས་འཛུགས་བྱ་རྒྱུ་དེ་ཧ་ཅང་དཀའ་ཁག་ཆེ་བ་ཞིག་ཡིན། བྲག་རྡོ་གཅེར་བུའི་ཐོག་ནས་དོང་བརྐོ་དགོས་པ་དང་། ས་ནི་ཐག་རིང་ནས་དབོར་དགོས་པ། ཆུ་ནི་གཙང་པོའི་ནང་ནས་འདྲེན་དགོས་པས་ད་དུང་ལྗོན་ཤིང་འདེབས་འཛུགས་བྱ་དགོས་དོན་ཅི་ཡིན་ནམ་སྙམ་གྱི་འདུག ཅིའི་ཕྱིར་མི་འདི་འདྲ་མང་པོ་ཞིག་གིས་རྒྱུན་འཁྱོངས་བྱེད་བཞིན་ཡོད། ངས་བསམ་ན་དེའི་རྒྱུ་མཚན་ནི་སྔོ་ལྗང་རི་ཀླུང་མི་ཡིས་ལེགས་བསྐྱངས་ན། དེ་ཡིས་མི་ལ་དྲིན་ལན་གསོ་བར་ངེས་པའི་ཕྱིར་དུ་ཡིན།

ཉི་མ་ནུབ་རིའི་རྒྱབ་ཏུ་བཞུད་ལ་ཉེ། སྐྱེ་དངོས་ཐམས་ཅད་ཀྱི་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། བཀྲ་ཤིས་ཆོས་འཕེལ་ལྟ་བུའི་མི་རེ་རེའི་སྟེང་ནས་ངས་ཀྱང་ལན་གསལ་པོ་ཞིག་རྙེད་བྱུང་། བསོད་ནམས་རྡོ་རྗེ་ཡིས་ལོ་18རིང་ཉིན་ལྟར་རི་ཐོག་ཤང་གི་རང་བྱུང་སྤྱི་ཕན་ནགས་ཚལ་མུའུ་ཁྲི་39ལ་སྲུང་སྐྱོབ་བྱས་ནས་རི་རྒོད་སྔོ་ཐིང་དུ་གྱུར་ཏེ་བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་སྡོད་བྱེད་སའི་འབྱུང་ཁམས་ཀྱི་ཁྱིམ་གཞིས་ཤིག་ཏུ་གྱུར་ཡོད། བསམ་གཏན་ནི་ལོ་ན་གཞོན་པའི་བུ་མོ་ཆུང་ཆུང་ནས་ད་ལྟ་དབུ་སྐྲ་དཀར་པོར་གྱུར་བའི་བར་ཏེ་མི་ཚེ་གང་བོར་བྱེ་ཚེར་ནགས་ཚལ་ལྟ་སྐྱོང་བྱས་ཡོད། བསོད་ནམས་ནོར་བུས་རང་ཉིད་ཀྱི་དངུལ་བཏང་ནས་སྡོང་སོན་ཁྲི་8འདེབས་འཛུགས་བྱས་ཤིང་། མ་དངུལ་སྒོར་ཁྲི་བརྒྱ་ལྷག་ཙམ་བཏང་ནས་མི་གཅིག་གི་ནུས་ཤུགས་ལ་བརྟེན་ནས་གྲོང་ཁྱེར་ཁྱིམ་མཚེས་ལ་སྣེ་ཁྲིད་བྱས་ཏེ་ལྗོན་ཤིང་བཏབ་སྟེ་ས་རྒོད་དེ་སྔོ་ལྗང་ཅན་དུ་འགྱུར་བར་དམ་བཅའ་བརྟན་པོ་བཞག་ཡོད། ལྗོན་ཤིང་རེ་རེ་བཞིན་འདེབས་འཛུགས་དང་མི་རབས་ནས་མི་རབས་བརྒྱུད་ནས་ལྗོན་ཤིང་འདེབས་འཛུགས་དང་སྔོ་ལྗང་ཅན་དུ་འགྱུར་བའི་གོམ་སྟབས་བློ་བརྟན་འགྱུར་མེད་ངང་བརྟན་དུ་བཏང་ཡོད། ཡངས་ཤིང་རྒྱ་ཆེ་བའི་བོད་ལྗོངས་ཀྱི་ས་ཆའི་ཐོག་ཁོང་ཚོས་ཁ་རོག་གེར་བརྟན་སྲུང་བྱས་ནས་སྔོ་ལྗང་གི་གྲུབ་འབྲས་རེ་རེ་བཞིན་མངོན་པར་བྱས་ཡོད། ཁོང་ཚོས་ས་ཁེམ་རེ་རེ་བཞིན་བསྔོགས་ནས་བཏབ་པའི་སྡོང་སོན་རེ་རེ་ལས་འབྱུང་ཁམས་ཤེས་དཔལ་གྱི་རེ་བའི་མྱུ་གུ་འབུས་ཤིང་། ཁོང་ཚོས་ཆུ་ཟོམ་རེ་རེ་བཞིན་ས་རྒྱུ་བརླན་པར་བྱས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་ཀྱི་ཕུགས་འདུན་ཡང་མངོན་པར་བྱས་ཡོད་པ་རེད།

ཚེ་སྲོག་ཇི་སྲིད་དུ་གནས་ན་དེ་སྲིད་དུ་ཤིང་འཛུགས་པར་བྱེད།

(བྱང་ཆུབ་ཆོས་སྒྲོན་དང་དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-10 6 6 拉萨日报藏文 c182346.html 1 བོད་ལྗོངས་ཀྱིས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལ་མུ་མཐུད་སྐུལ་འདེད་བཏང་ནས་རི་སྔོན་ཆུ་དྭངས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་པ། /enpproperty-->