分享按钮

མལ་གྲོ་གུང་དཀར་རྫོང་གིས་ཆུ་ལོག་གནོད་འཚེ་འགོག་སྲུང་གི་འཕྲལ་སྡོམ་ནང་སྦྱོང་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། མལ་གྲོ་གུང་དཀར་རྫོང་ཆུ་བེད་ཅུས་ཀྱིས་རྒྱ་མ་ཤང་ཅུས་ལུང་གཏེར་ཁུལ་དུ་2024ལོའི་ཆུ་ལོག་གི་གནོད་འཚེ་འགོག་སྲུང་གི་འཕྲལ་སྡོམ་ནང་སྦྱོང་བྱས་པ་རེད།

ད་ཐེངས་ཀྱི་ནང་སྦྱོང་དེ་རྒྱ་མ་ཤང་ཅུས་ལུང་གཏེར་ཁུལ་དུ་འབྱུང་འགྱུར་ཆུ་ཚོད་གཅིག་གི་ནང་ཆར་ཆུ་འབབ་ཚད་ཧའོ་སྨི་25ཡན་ཟིན་རྒྱུ་དང་། ཆུ་ལོག་མ་ཐོན་གོང་། གནམ་གཤིས་ཚན་པས་དྲག་ཆར་གྱི་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་བཏང་བ། ཆུ་ལོག་གི་གནོད་འཚེ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡའི་མ་ལག་གིས་འཕྲིན་ཐུང་གི་རྣམ་པའི་ཐོག་ནས་གཏེར་ཁུལ་དེའི་ལས་བྱེད་པ་དང་། ལས་བཟོ་བ། དེ་བཞིན་མཐའ་འཁོར་མང་ཚོགས་ལ་ཆུ་ལོག་གི་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་དང་། དེ་བཞིན་སྤོ་སྒྱུར་བཀོད་སྒྲིག་དང་། སྒྲིག་ལམ་ལ་སྲུང་སྐྱོང་། འཕྲལ་སྡོམ་ཉེན་སྐྱོབ། འཕྲོད་བསྟེན་རོགས་སྐྱོབ་སོགས་ཀྱི་ནང་དོན་ཁྱབ་བསྒྲགས་བྱས་པ་བཅས་ལད་ཟློས་བྱས་ནས་སྤེལ་བ་རེད། ནང་སྦྱོང་བྱེད་རིང་ཆ་འཕྲིན་ཚོགས་ཆུང་དང་། ཞིབ་དཔྱད་ཚད་ལེན་ཚོགས་ཆུང་། བཀོད་གཏོང་ཚོགས་ཆུང་། སྤོ་སྒྱུར་ཚོགས་ཆུང་། འགན་ལེན་ཚོགས་ཆུང་། འཕྲལ་སྡོམ་ཉེན་སྐྱོབ་ཚོགས་ཆུང་། སྨན་བཅོས་རོགས་སྐྱོབ་ཚོགས་ཆུང་སོགས་འཕྲལ་སྡོམ་ལས་དོན་ཚོགས་ཆུང་ཁག་གི་ལས་བགོས་ཁ་གསལ་དང་གཞོགས་འདེགས་དམ་ཟབ་བྱས་པ་དང་། ནང་སྦྱོང་ནང་ཞུགས་མཁན་ཚོས་རང་འགན་གཙང་སྒྲུབ་དང་བློ་རྩེ་གཅིག་སྒྲིམ་གྱིས་ནང་སྦྱོང་ནང་ཞུགས་ཡོད། ནང་སྦྱོང་ཧྲིལ་པོ་སྦྲེལ་མཐུད་དམ་ཟབ་དང་། དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ནས་ཉེན་བརྡ་བཏང་བ། བྱ་སྤྱོད་མྱུར་པོ་དང་གནད་ལ་འཁེལ་བ། ཁ་འགྲེམས་ཐད་བཀོད་སྒྲིག་བྱས་པ་གོ་རིམ་ལྡན་པ། ཉེན་སྐྱོབ་ཐད་འགན་ལེན་ནུས་ལྡན་བྱེད་པ། ཁ་འགྲེམས་བྱེད་དུས་མི་གཅིག་ཀྱང་མི་ལུས་པ་བཅས་བྱུང་ཡོད། མལ་གྲོ་གུང་དཀར་རྫོང་ཆུ་བེད་ཅུས་ཀྱི་ཅུས་ཀྲང་སྤེན་པ་ནོར་བུས་ནང་སྦྱོང་གིས་ང་ཚོའི་ཆུ་ལོག་འགོག་སྲུང་དང་འཕྲལ་སྡོམ་སྔོན་ཇུས་ཀྱི་ཚན་རིག་རང་བཞིན་དང་དངོས་སྦྱོང་རང་བཞིན་ལ་ཞིབ་བཤེར་ཡག་པོ་བྱས་པ་དང་། ལས་བྱེད་པ་དང་མང་ཚོགས་ཀྱིས་གློ་བུར་དུ་བྱུང་བའི་ཉེན་ཁ་ལ་ཁ་གཏད་གཅོག་པའི་དངོས་འཐབ་ནུས་པ་སྔར་བས་ཆེ་རུ་བཏང་ཡོད་ཅེས་བཤད་པ་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-09 6 6 拉萨日报藏文 c182276.html 1 མལ་གྲོ་གུང་དཀར་རྫོང་གིས་ཆུ་ལོག་གནོད་འཚེ་འགོག་སྲུང་གི་འཕྲལ་སྡོམ་ནང་སྦྱོང་བྱས་པ། /enpproperty-->