分享按钮

མཐོ་རྒྱུགས་ཀྱི་ཉིན་དང་པོར་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་2024ལོའི་མཐོ་རྒྱུགས་ལས་དོན་ལ་སྐོར་གཟིགས་གནང་བ།

མཐོ་རྒྱུགས་ཀྱི་ཉིན་དང་པོར་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་2024ལོའི་མཐོ་རྒྱུགས་ལས་དོན་ལ་སྐོར་གཟིགས་གནང་བ།

(པར་ངོས་དང་པོར་མཐུད)2024ལོའི་མཐོ་རྒྱུགས་ནང་གྲོང་ཁྱེར་ཡོངས་སུ་རྒྱུགས་གནས་12དང་རྒྱུགས་ར་430བཙུགས་ནས་རྒྱུགས་སྤྲོད་སློབ་མ་12430དང་ལེན་བྱས་པ་དེའི་ནང་།ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་རྒྱུགས་ར་59བཙུགས་ནས་རྒྱུགས་སྤྲོད་སློབ་མ་1770དང་ལེན་བྱས་པས་གྲོང་ཁྱེར་ཡོངས་ཀྱི་རྒྱུགས་སྤྲོད་སློབ་མ་མང་ཤོས་ཀྱི་རྒྱུགས་གནས་ཡིན་པ་རེད།ཤའོ་ཡིའུ་ཚའེ་ལྷ་ས་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་རྒྱུགས་གནས་སུ་ཕེབས་སྐབས་སློབ་གྲྭའི་རྒྱུགས་སྤྲོད་ཁོར་ཡུག་ལ་གཟིགས་ཞིབ་གནང་ནས་རྒྱུགས་ར་བཀོད་སྒྲིག་དང་།རྒྱུགས་སྤྲོད་ལས་དོན་སྒྲིག་འཛུགས།བདེ་འཇགས་སྲུང་སྐྱོབ།ཞབས་ཞུ་འགན་ལེན།འགྲིམ་འགྲུལ་བདེ་འཇགས།རྒྱུགས་སྤྲོད་སློབ་མའི་ལུས་སེམས་སོགས་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།རྒྱུགས་སྤྲོད་ལས་དོན་ཁང་དང་རྒྱུགས་སྤྲོད་བཀོད་འདོམས་ལྟེ་གནས་སོགས་སུ་ཕེབས་ཏེ་རྒྱུགས་ཤོག་བདེ་འཇགས་གསང་སྲུང་དོ་དམ་དོན་འཁྱོལ་བྱས་ཚུལ་སྐོར་ནན་ཏན་གྱིས་གསན་པ་དང་བརྙན་ལམ་སོ་ལྟ་བརྒྱུད་རྒྱུགས་ར་ཁག་གི་རྒྱུགས་སྲོལ་དང་།སྒྲིག་ཁྲིམས།རྒྱུགས་སྤྲོད་ལྟ་སྐུལ་གནས་ཚུལ་ལ་གཟིགས་ཞིབ་གནང་བ་རེད།ཁོང་གིས་གྲོང་ཁྱེར་ཡོངས་ཀྱི་མཐོ་རྒྱུགས་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་།རྒྱུགས་སྤྲོད་ལས་དོན་པ་དང་མཐོ་རྒྱུགས་ལ་ཞབས་ཞུ་འགན་ལེན་བྱེད་མཁན་ལས་དོན་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་དང་།ཁོང་ཚོར་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་མུ་མཐུད་མཐའ་འཁྱོངས་ཀྱིས་ལས་དོན་ཁག་དམ་འཛིན་ནན་ཏན་བྱེད་པ་དང་།བདེ་འཇགས་དང་དྲོ་སྐྱིད་ལྡན་པའི་རྒྱུགས་ལེན་ཁོར་ཡུག་བསྐྲུན་ནས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མའི་རྒྱུགས་ལེན་ཆུ་ཚད་དང་ཕུགས་འདུན་མངོན་འགྱུར་ཡོང་བར་རོགས་རམ་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས་མཐོ་རྒྱུགས་ནི་རྒྱལ་ཁབ་ཀྱིས་ཤེས་ལྡན་པ་འདེམས་སྒྲུག་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་དང་།རྒྱ་ཆེའི་སློབ་མ་དང་འབྲེལ་བ་ཡོད་པ་དང་།ཁྱིམ་ཚང་ཁྲི་སྟོང་མང་པོར་ཤུགས་རྐྱེན་ཐེབས་པ།སྤྱི་ཚོགས་ཀྱི་ཤུགས་རྐྱེན་ཆེན་པོ་དང་དོ་ཁུར་བྱེད་ཚད་མཐོ་བས།མཐོ་རྒྱུགས་ལས་དོན་ཡག་པོ་བསྒྲུབ་རྒྱུར་འགན་འཁྲི་གལ་ཆེན་དང་དོན་སྙིང་གལ་ཆེན་ལྡན་ཡོད།རིམ་ཁག་ཚན་ཁག་གིས་རྒྱལ་ཁབ་དང་།རང་སྐྱོང་ལྗོངས།གྲོང་ཁྱེར་བཅས་ཀྱི་མཐོ་རྒྱུགས་ལས་དོན་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་།མཐོ་རྒྱུགས་ཀྱི་ལྷུ་ཚིགས་ཚང་མའི་ལས་དོན་ཡག་པོ་ཏན་ཏིག་བསྒྲུབས་ནས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མར་དྲང་གཞག་དང་།འདྲ་མཉམ།བདེ་འཇཊ་བཅས་ཀྱི་རྒྱུགས་ལེན་ཁོར་ཡུག་ཅིག་གཏོད་དགོས།རྒྱུགས་ལེན་ལས་དོན་དོ་དམ་ནན་པོ་དང་།འགན་འཁྲི་དམ་དུ་དང་ནན་དུ་གཏོང་བ།ཚད་ལྡན་གྱི་བླང་བྱ་དོན་འཁྱོལ་བྱེད་པ།རྒྱུགས་ལེན་སྤྱོད་ཚུལ་དང་སྒྲིག་ཁྲིམས་ནན་པོ་བྱེད་པ།རྒྱུགས་ལེན་ལས་དོན་གྱི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་ནས་རྒྱུགས་ལེན་ལས་དོན་ཚད་ལྡན་དང་།བདེ་འཇགས།གོ་རིམ་ལྡན་པ།ལས་ཆོད་ཆེ་བ་བཅས་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས།རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན་ཞིབ་ཚགས་བྱས་ཏེ་འབྲེལ་ཡོད་སྡེ་ཚན་ཁག་གིས་རང་འགན་རང་སྒྲུབ་དང་རང་འགན་གཙང་སྒྲུབ་བྱས་ཏེ།མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་པ་དང་མཉམ་ཤུགས་ཤིག་ཆགས་པར་བྱས་ནས་རྒྱུགས་ལེན་རིང་གི་སྨན་བཅོས་ཞབས་ཞུ་དང་།འགྲིམ་འགྲུལ་སྒྲིག་འཛུགས།བཟའ་བཏུང་འགན་ལེན་སོགས་ཞབས་ཞུའི་ལས་དོན་ཁག་ཁྱོན་ཡོངས་ནས་དོན་འཁྱོལ་ཡག་པོ་བྱེད་པ་དང་།རྒྱུགས་སྤྲོད་སློབ་མའི་སེམས་ཁམས་ཀྱི་ཁྲིད་སྟོན་དང་མི་ཆོས་ཀྱི་ཐུགས་ཁུར་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མས་ཆུ་ཚད་ཡག་ཤོས་འདོན་སྤེལ་དང་རྒྱུགས་འབྲས་ཡག་ཤོས་ཐོབ་ཐུབ་པར་བྱེད་དགོས།ཉེན་ཁ་སྔོན་འགོག་ལ་ཤུགས་སྣོན་རྒྱག་པ་དང་།ཡིག་རྒྱུགས་ཀྱི་འཕྲལ་སྡོམ་སྔོན་ཇུས་འཐུས་ཚང་དུ་གཏོང་བ།འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་ཆེ་རུ་གཏོང་བ།བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་ཞིབ་བཤེར་བཅོས་སྒྲིག་བཅས་བྱས་ཏེ་གཟབ་ཅིང་ནན་པའི་སྒོ་ནས་ལས་དོན་ཁག་ཡག་པོ་བསྒྲུབས་ནས་འདི་ལོའི་མཐོ་རྒྱུགས་ལས་དོན་བརྟན་ལ་གོ་རིམ་ལྡན་པ་དང་ནོར་འཁྲུལ་གཏན་ནས་མེད་པའི་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་བླང་བྱ་བཏོན་གནང་བ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-09 6 6 拉萨日报藏文 c182274.html 1 མཐོ་རྒྱུགས་ཀྱི་ཉིན་དང་པོར་ཤའོ་ཡིའུ་ཚའེ་ཡིས་གྲོང་ཁྱེར་ཡོངས་ཀྱི་2024ལོའི་མཐོ་རྒྱུགས་ལས་དོན་ལ་སྐོར་གཟིགས་གནང་བ། /enpproperty-->