分享按钮

(པར་ངོས་གཉིས་པར་མཐུད)གལ་ཏེ་རྒྱུགས་སྤྲོད་སློབ་མ་རྒྱུགས་རར་སྐྱོད་སྐབས་ཛ་དྲག་གི་གནས་ཚུལ་འཕྲད་ནས་ཉེན་རྟོག་པས་སྲུང་སྐྱེལ་བྱེད་དགོས་ཚེ།གཤམ་གསལ་གྱི་བྱ་ཐབས་གསུམ་སྤྱད་དེ་མི་དམངས་ཉེན་རྟོག་པར་རོཊ་སྐྱོར་གྱི་རེ་ཞུ་བྱེད་ཆོག་པ་སྟེ།བྱ་ཐབས་དང་པོ།རྒྱུགས་སྤྲོད་སློབ་མས་ཉེ་འགྲམ་གྱི་འགྲིམ་འགྲུལ་ཉེན་རྟོག་པར་རོགས་སྐྱོར་གྱི་རེ་ཞུ་བྱེད་ཆོག་པ་དང་།བྱེད་ཐབས་གཉིས་པ།རྒྱུགས་སྤྲོད་སློབ་མས་110འམ་ཡང་ན་0891--6324629ལ་ཁ་པར་བརྒྱབ་ནས་རོགས་སྐྱོར་གྱི་རེ་ཞུ་བྱེད་ཆོག་པ།བྱ་ཐབས་གསུམ་པ།རྒྱུགས་སྤྲོད་སློབ་མས་རྒྱུགས་སྤྲོད་བྱ་ཡུལ་གྱི་སྒོ་འགྲམ་དུ་བཞག་པའི་རྒྱུགས་སྤྲོད་སློབ་མའི་ཐད་གཏོང་རླངས་འཁོར་གྱིས་མི་དམངས་ཉེན་རྟོག་པར་རོགས་སྐྱོར་གྱི་རེ་ཞུ་བྱེད་ཆོག་གི་ཡོད་པ་རེད།

གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཆེད་དོན་ཞིབ་བཤེར་བྱས་པ།

མཐོ་རྒྱུགས་འཆར་ལ་ཉེ་བར་བརྟེན་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མའི་བཟའ་བཏུང་བདེ་འཇགས་ལ་འགན་ལེན་དང་རྒྱུགས་ལེན་བདེ་བླག་ངང་སྤེལ་བའི་འགན་ལེན་བྱ་ཆེད།གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་རྒྱུགས་ཁུལ་ཆེ་གྲས་བཞིའི་མཐའ་འཁོར་གྱི་ཚོང་ཁང་དང་སློབ་གྲྭའི་ཟ་ཁང་གི་བཟའ་བཏུང་བདེ་འཇགས་སོགས་ལ་ཕྱོགས་ཡོངས་ནས་ཆེད་དོན་ཞིབ་བཤེར་བྱས་པ་རེད།

ད་ཐེངས་ཀྱི་ཞིབ་བཤེར་བྱ་སྤྱོད་ནང་བཟའ་བཅའི་བདེ་འཇགས་དང་། གཡོ་ལས་ཀྱི་ཡོ་བྱད། ཁྲིམས་འགལ་གྱི་སློབ་བསྡུའི་བརྡ་ཁྱབ། རིན་གོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ་སློབ་གྲྭའི་ཟ་ཁང་དང་རྒྱུགས་ཁུལ་གྱི་ཉེ་འཁོར་ཚོང་ཁང་ལ་ཡོངས་བཤེར་རྣམ་པའི་བརྟག་དཔྱད་བྱས་པ་རེད། ཞིབ་བཤེར་མི་སྣས་ལྷ་ས་སློབ་འབྲིང་དང་། ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པ། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་སོགས་རྒྱུགས་གནས་ཀྱི་ཟ་ཁང་དུ་ཟབ་སྐྱོད་ཀྱིས་བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་དང་། གསོག་ཉར། ལས་སྣོན་བཟོ་རིམ། བཟའ་བཏུང་ཡོ་བྱད་གཙང་འཁྲུད་དུག་སེལ་སོགས་འགག་རྩའི་ལྷུ་ཚིགས་རེ་རེ་བཞིན་ལ་གྲལ་བཤེར་བྱས་པ་དང་། གནད་དོན་ཤེས་རྟོགས་བྱུང་བར་ཡུལ་དེ་རང་དུ་ཡོ་བསྲང་བྱེད་དུ་བཅུག་པ་དང་། ཟ་ཁང་གི་ལས་དོན་མི་སྣས་ངེས་པར་དུ་བཟའ་བཅའི་བདེ་འཇགས་དོ་དམ་ལམ་ལུགས་དོན་འཁྱོལ་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་ཏན་ཏིག་མེད་པར་བཟོས་ཏེ་རྒྱུགས་སྤྲོད་སློབ་མར་བདེ་འཇགས་ལྡན་པ་དང་བདེ་ཐང་གི་ཟ་མ་མཁོ་འདོན་བྱ་རྒྱུའི་བླང་བྱ་ནན་པོ་བཏོན་ཡོད།

ལྷ་ས་གྲོང་ཁྱེར་མཐོ་རིམ་སློབ་འབྲིང་གསུམ་པའི་ཟ་ཁང་གི་བདེ་འཇགས་མི་སྣ་ཁྲེན་ཅིང་གིས། ང་ཚོས་བཟའ་བཅའི་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་གསལ་པོ་ཤེས་པ་དང་། ལྷག་པར་དུ་མཐོ་རྒྱུགས་ཀྱི་དམིགས་བསལ་དུས་སྐབས་སུ་སྣང་མེད་སྤུ་ཙམ་ཡང་གཏོང་གི་མེད། ང་ཚོས་བཟའ་བཅའི་བདེ་འཇགས་སྐོར་གྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་དང་སློབ་གྲྭའི་གཏན་འབེབས་ལྟར་ནན་ཏན་གྱིས་ལག་ལེན་བསྟར་ནས་ཡོང་ཁུངས་བློས་འགེལ་ཆོག་པ་དང་། ལས་སྣོན་བརྒྱུད་རིམ་ཚད་ལྡན། གསོག་ཉར་ཆ་རྐྱེན་ཚད་ལྡན་བཅས་ཡོང་བའི་འགན་ལེན་བྱེད་ཀྱི་ཡོད་ཅེས་བཤད།

དེ་དང་ཆབས་ཅིག་རྒྱུགས་གནས་ཀྱི་མཐའ་འཁོར་ཚོང་ཁང་དུ་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་ས་ཁོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་བཟའ་བཅའི་གཉེར་སྐྱོང་ཚན་པའི་ལག་ཁྱེར་གནས་ཚུལ་དང་། བཟའ་བཅའི་སྤུས་ཚད་བདེ་འཇགས། དེ་བཞིན་གཡོ་ལས་ཡོ་བྱད་ཕྱིར་ཚོང་དང་གཏན་འབེབས་ལྟར་རིན་གོང་ཁ་གསལ་མི་བཀོད་པ་སོགས་ཁྲིམས་འགལ་བྱེད་སྤྱོད་ཡོད་མེད་ལ་ཐུན་མོང་ཐོག་ཞིབ་བཤེར་བྱས་པ་རེད།

ཞིབ་བཤེར་བྱེད་སྐབས། ཚོང་ཁང་ཞིག་དུ་དུས་ཚོད་ཡོལ་བའི་བཟའ་བཅའ་བཙོང་བའི་སྒྲིག་འགལ་གྱི་བྱེད་སྤྱོད་ཡོད་པ་ཤེས་རྟོགས་བྱུང་བས། ཞིབ་བཤེར་མི་སྣས་འབྲེལ་ཡོད་ཚོང་ཁང་ལ་དུས་ཚོད་ཡོལ་བའི་བཟའ་བཅའ་འཕྲལ་མར་ཚོང་སྒྲོམ་ནས་འབེབ་དགོས་བའི་བཀའ་བཏང་བ་དང་འབྲེལ་ཁོངས་གཏོགས་་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་ལ་བཅའ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུར་རྩིས་སྤྲད་པ་རེད།

ད་ཐེངས་ཀྱི་ཞིབ་བཤེར་གྱི་དམིགས་ཡུལ་ནི་མཐོ་རྒྱུགས་ལ་སྲུང་སྐྱོབ་བྱས་ནས་རྒྱུགས་སྤྲོད་སློབ་མ་བློ་བདེ་པོ་ཡོང་བ་དང་ཁྱིམ་བདག་བློ་བདེ་པོ་ཡོང་བར་བྱ་རྒྱུ་དེ་རེད། ཡིག་རྒྱུགས་གཏོང་རིང་། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱིས་ད་དུང་ལྟ་སྐུལ་དོ་དམ་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་དམ་བསྒྲག་གི་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་ཤུགས་ཡོད་རྒུས་མཐོ་རྒྱུགས་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་ནུས་ལྡན་བྱ་རྒྱུ་ཡིན་པ་རེད། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་བཟའ་བཅའ་གཉེར་སྐྱོང་ཁོའོ་ཡི་ལས་དོན་མི་སྣ་སྤེན་པ་བཀྲ་ཤིས་ཀྱིས། ང་ཚོས་རྒྱུགས་གནས་མཐའ་འཁོར་གྱི་ཚོང་ཁང་དང་སློབ་གྲྭའི་ཟ་ཁང་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་མཐོ་རྒྱུགས་རིང་གི་བཟའ་བཅའི་བདེ་འཇགས་ལ་འགན་ལེན་བྱས་ཏེ་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་དང་ཁྱིམ་བདག་ལ་བཟའ་བཅའི་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་པོ་འཛུགས་རྒྱུ་ཡིན་ཞེས་བཤད།

རྒྱལ་ཁབ་གྲོག་དྲ་ལྷ་ས་གློག་འདོན་ཀུང་སིས་གློག་ཤུགས་འགན་སྲུང་ཡག་པོ་བྱས་པ།

2024ལོའི་མཐོ་རྒྱུགས་རིང་གི་གློག་ཤུགས་འགན་ལེན་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབ་ཆེད།རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིས་སྔ་སྣུར་དུ་གློག་ཤུགས་འགན་ལེན་ལས་དོན་ཚོགས་ཆུང་བཙུགས་ནས། 2024ལོའི་མཐོ་རྒྱུགས་ཀྱི་གློག་ཤུགས་འགན་ལེན་ལས་དོན་ཇུས་གཞི་ཞིབ་ཚགས་བཟོས་པ་དང་། འཕྲལ་སྡོམ་ཐག་གཅོད་ཀྱི་འཆར་གཞི་འཐུས་ཚང་དུ་བཏང་བ། གློག་ཤུགས་འགན་ལེན་གྱི་འགན་འཁྲི་ལས་བགོས་ཁ་གསལ་བཟོས་པ་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་མཐོ་རྒྱུགས་རིང་གི་གློག་ཤུགས་འགན་ལེན་བྱ་ཡུལ་གལ་ཆེན་གྱི་སྐུད་ལམ་དང་སྒྲིག་ཆས་བདེ་འཇགས་དང་བློས་འགེལ་ཆོག་པའི་སྒོ་ནས་འཁོར་སྐྱོད་ཐུབ་རྒྱུའི་འགན་ལེན་བྱས་པ་རེད།

ཉིན་ཤས་གོང་། གསར་འགོད་པས་ལྷ་སའི་རྒྱུགས་ཁུལ་གྱི་མཐོ་རྒྱུགས་རྒྱུགས་གནས་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་ནང་དེ་གར་ཧྥུའུ་སྟོང་ཚན་ཨན་500ཡི་UPSའཕྲལ་སྡོམ་གློག་ཁུངས་རླངས་འཁོར་ཞིག་དང་། ཧྥུའུ་སྟོང་ཨན་300ཡིUPSའཕྲལ་སྡོམ་གློག་ཁུངས་རླངས་འཁོར་གཅིག འཕྲལ་བཟོའི་རླངས་འཁོར་གཉིས་བཅས་བཞག་ཡོད་པ་དང་འབྲེལ་གློག་འགན་སྲུང་ཚོགས་ཆུང་གི་ལས་མི་2བཅས་ཁག་སོ་སོར་བཀོད་སྒྲིག་བྱས་ཡོད་པ་མཐོང་བྱུང་། མཐོ་རྒྱུགས་རིང་རྒྱུགས་གནས་ཀྱི་གློག་ཤུགས་བློས་འགེལ་ཆོག་པའི་སྒོ་ནས་མཁོ་འདོན་བྱ་ཆེད། རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིར་གློག་ཤུགས་འགན་ལེན་གྱི་བརྡ་ཐོ་འབྱོར་རྗེས། གློག་ཤུགས་འགན་ལེན་ཚོགས་ཆུང་གི་ལས་མི་རྒྱུགས་སྤྲོད་བྱ་ཡུལ་དུ་གློག་སྡེབ་སྒྲིག་བཀོད་དང་། འཁོར་སྐྱོད་ཀྱི་གནས་ཚུལ། སྐུད་ལམ་གྱི་ཁ་ཕྱོགས་བཅས་ལ་རྒྱུས་མངའ་བྱས་པ་དང་། གློག་སྡེབ་སྐུད་ལམ་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱས་པ། འཕྲལ་སྡོམ་སྔོན་ཇུས་བཟོ་བ་སོགས་སྔོན་འགོའི་གྲ་སྒྲིག་ལས་དོན་སྤེལ་རྒྱུར་བཀོད་སྒྲིག་བྱས་པ་རེད། དེ་དང་ཆབས་ཅིག་རྒྱུགས་རའི་ལྟ་སྐུལ་ཚོད་འཛིན་དང་། སྒྲ་སྐྱེད། འཕྲུལ་ཁང་སོགས་གློག་འགན་ལེན་བྱེད་དགོས་པའི་སྒྲིག་ཆས་གཏན་འཁེལ་བྱས་པ་དང་འབྲེལ་དམིགས་བསལ་གལ་ཆེའི་གློག་འགན་ལེན་རིམ་པར་གཙོ་གནད་ཐོག་འགན་ལེན་ཡང་བྱས་ཡོད། རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིའི་གློག་ལྡན་ལས་སྒྲུབ་གློག་འགན་ལེན་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཀྲའོ་ཆེ་གེ་མོས་ཝ་སྟོང་ཚན་ཨན500ཡི་UPSའཕྲལ་སྡོམ་གློག་ཁུངས་རླངས་འཁོར་གྱིས་གྲོང་ཁྱེར་གྱི་གློག་ཆད་པའི་གནས་ཚུལ་འོག་ཡུལ་དངོས་ཀྱི་སྤྱོད་མཁན་གྱི་ཐེག་ཚད་ཆེ་ཆུང་ལ་གཞིགས་ནས་རྒྱུགས་རར་ཆུ་ཚོད་2རིང་གློག་ཤུགས་འགན་ལེན་བྱས་ཏེ་རྒྱུགས་ཡུལ་གྱི་རྒྱུན་ལྡན་གློག་སྤྱོད་ཐུབ་པའི་རྒྱུགས་ལེན་ལ་ཤུགས་རྐྱེན་མི་ཐེབས་པའི་འགན་ལེན་བྱ་རྒྱུ་རེད། UPSའཕྲལ་སྡོམ་གློག་ཁུངས་རླངས་འཁོར་གྱིས་གློག་གཏོང་རིང་ང་ཚོས་གྲོང་ཁྱེར་གྱི་གློག་གཏོང་དུས་ཐོག་ཏུ་སླར་གསོ་བྱ་རྒྱུ་རེད་ཅེས་བཤད།

མཐོ་རྒྱུགས་ཀྱི་རྒྱུགས་གནས་ཕུད། ད་དུང་ཝ་སྟོང་ཚན་110ཡི་གྲོང་ཤར་ས་ཚིགས་དང་། དཔལ་རོང་ས་ཚིགས། སློབ་གསོ་གྲོང་གི་ས་ཚིགས་སོགས་ཀྱང་ཁྱོན་ཡོངས་ནས་མཐོ་རྒྱུགས་ཀྱི་གློག་མཁོ་འདོན་འགན་ལེན་བྱེད་པའི་རྣམ་པའི་ནང་ཚུད་ཡོད་པ་རེད། རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིས་ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ནས་ས་ཚིགས་ནང་གི་སྒྲིག་ཆས་དང་དེ་བཞིན་གཞོགས་འདེགས་སྒྲིག་ཆས་ལ་དམིགས་བསལ་སྐོར་ཞིབ་ཐེངས་གཅིག་གཉིས་བྱས་ཏེ་སྒྲིག་ཆས་འཁོར་སྐྱོད་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་ནས་མཐོ་སློབ་སློབ་མའི་གློག་སྤྱོད་ཐད་སེམས་ཁྲལ་མེད་པར་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་རེད། རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིའི་གློག་སྒྱུར་སྐྱེལ་འདྲེན་ཉམས་གསོ་ཚོགས་ཆུང་ལྔ་པའི་ལས་རེས་འགན་འཁུར་བ་ཁྲེང་རུའེ་ལུང་གིས། མཐོ་རྒྱུགས་རིང་། ང་ཚོས་གཙོ་བོ་མཐོ་རྒྱུགས་ཀྱི་གློག་ཤུགས་འགན་ལེན་སྐུད་ལམ་གལ་ཆེན་ལ་ཕྱོགས་ཡོངས་ནས་སྐོར་ཞིབ་ཐེངས་གཅིག་གཉིས་བྱས་པ་དང་དུས་མཚུངས་དྲོད་ཚད་ཅུང་མཐོ་བའི་གློག་གནོན་སྒྱུར་ཆས་གཙོ་བོ་དང་དེ་བཞིན་སྒྲིག་ཆས་ཀྱི་འཁོར་སྐྱོད་ལ་ཞིབ་བཤེར་ཐེངས་གཉིས་བྱས་ནས་མཐོ་རྒྱུགས་རིང་གློག་ཤུགས་འགན་ལེན་བྱ་ཡུལ་སྐུད་ལམ་ཁག་རྒྱུན་གཏན་ངང་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད་ཅེས་བཤད།

ད་ཐེངས་ཀྱི་མཐོ་རྒྱུགས་ཀྱི་གློག་འགན་ལེན་བྱ་རྒྱུ་དེ་རྒྱུགས་གནས་12དང་འབྲེལ་བ་ཡོད་པ་དང་། རྒྱལ་ཁབ་གློག་དྲ་ལྷ་ས་གློག་འདོན་ཀུང་སིས་ཚད་མཐོའི་མཐོང་ཆེན་བྱས་ནས་མི་ཐེངས་1140དང་འཕྲལ་བཟོའི་རླངས་འཁོར་380བཏང་བ་དང་དེ་བཞིན་འཕྲལ་སྡོམ་གློག་ཁུངས་རླངས་འཁོར་16བཀོད་སྒྲིག་བྱས་ཏེ་མཐོ་རྒྱུགས་ཀྱི་གློག་སྤྱོད་འགན་ལེན་ལས་དོན་ལ་ནུས་ཤུགས་ཡོད་རྒུས་ནོར་འཁྲུལ་གང་ཡང་མི་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་པ་རེད། ད་དུང་གློག་ཤུགས་འགན་ལེན་བྱ་ཡུལ་སྐུད་ལམ་20ཡི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ཏེ་གློག་ཤུགས་འགན་སྲུང་སྐོར་ཞིབ་མི་སྣ་དང་རླངས་འཁོར་བཀོད་སྒྲིག་ལུཊ་མཐུན་བྱས་པ་དང་དེ་བཞིན་ཕྱི་རོལ་གྱི་མངོན་མེད་རྐྱེན་ངན་སེལ་སར་ཆེད་མངགས་མི་སྣ་བཀོད་སྒྲིག་བྱས་ནས་སྐུད་ལམ་འཁོར་སྐྱོད་ཀྱི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱེད་ཀྱི་ཡོད་པ་རེད།(བུ་ཆུང་དང་བསྟན་རྡོར་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-07 6 6 拉萨日报藏文 c182206.html 1 /enpproperty-->