分享按钮

“དྲུག་པའི་ཚེས་ལྔའི”འཛམ་གླིང་ཁོར་ཡུག་ཉིན་མོར་བསུ་བ་ཞུས་པ།

ལྷ་སའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་བཀོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།“དྲུག་པའི་ཚེས་ལྔའི”འཛམ་གླིང་ཁོར་ཡུག་ཉིན་མོར་བསུ་བ་ཞུ་ཆེད། རང་གྲོང་གི་འབྱུང་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་རེད། ཟླ་6ཚེས་4ཉིན། ལྷ་སའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཚོད་ལྟ་ཁང་གིས“དྲུག་པའི་ཚེས་ལྔའི”འཛམ་གླིང་ཁོར་ཡུག་ཉིན་མོར་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་བཀོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།

གྲོང་ཁྱེར་འཛུགས་སྐྲུན་ཅུས་དང་།གྲོང་ཁྱེར་དོ་དམ་ཅུས་སོགས་གྲོང་ཁྱེར་ཐད་གཏོགས་ཚན་པའི་ལས་བཟོ་བ་དང་གྲོང་མི་གདན་ཞུས་ལྟར་བྱེད་སྒོའི་ནང་ཞུགས་ཤིང་། ཚང་མ་ལྷ་སའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་འབྱུང་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཚོད་ལྟ་ཁང་དུ་ལྟ་སྐོར་དུ་བསྐྱོད་པ་རེད། ལྷ་སའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་འགན་འཁུར་བ་ཝུའེ་ཤིན་ཀྲོའུ་ཡིས་ཚང་མར་ལྟེ་གནས་དེའི་ལས་ཀའི་འགན་འཁྲི་གཙོ་བོ་དང་། ལྟ་ཞིབ་ཚད་ལེན་རྣམ་གྲངས་ཀྱི་ལས་སྒོ་ངོ་སྤྲོད་གནང་བ་དང་འབྲེལ་འབྱུང་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱིས་འབྱུང་ཁམས་ཁོར་ཡུག་དོ་དམ་ཁྲོད་བཏོན་པའི་ནུས་པ་སོགས་ངོ་སྤྲོད་མདོར་བསྡུས་གནང་བ་རེད། ཁོང་གིས་དེ་རིང་ང་ཚོས་ཚན་པ་ཁག་གི་ལས་བཟོ་བ་དང་གྲོང་མི་ལྷ་སའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་ཚོད་ལྟ་ཁང་དུ་ལྟ་སྐོར་བྱེད་པར་གདན་དྲངས་པ་དེའི་དམིགས་ཡུལ་ནི་མི་དེ་བས་མང་བས་ལྟ་ཞིབ་ཚད་ལེན་ལ་སེམས་ཁུར་དང་། དོ་ཁུར། དེའི་ནང་ཞུགས་པ་བཅས་བྱ་ཆེད་ཡིན། ཞིབ་ཕྲའི་ལས་དོན་ཁྲོད་ང་ཚོས་ཉིན་རེའི་མཁའ་རླུང་སྤུས་ཚད་ཀྱི་ཞིབ་ཕྲའི་གྲངས་གཞི་དང་ཟླ་རེའི་ཆུའི་སྤུས་ཚད་ཀྱི་ཞིབ་ཕྲའི་གནས་ཚུལ་སོགས་ཚོད་རྩིས་བྱས་ནས་ཟིན་ཐོར་འགོད་པ་དང་སྦྲགས། འཚོ་བའི་ཁྲོད་མཐོང་བའི་ཐལ་ཞག་དང་།བཙོག་ཆུ། གད་སྙིགས། འཛེར་སྒྲ་སོགས་ཀྱི་གྲངས་གཞི་ཐོ་འགོད་བྱེད་བཞིན་ཡོད་ལ། འཚོ་བའི་ཁྲོད་ཀྱི་བཙོག་ཆུ་ཚད་གཞིར་སླེབས་མིན་དང་། རོལ་རྩེད་འཛེར་སྒྲས་དམངས་ལ་བསུན་པོ་བཟོས་མིན། གནམ་གཤིས་ཕྱིར་ཐོན་དང་འཚམ་མིན། མང་ཚོགས་ཀྱིས་ཞུ་སྦྱོར་བྱས་པའི་སྣུམ་དང་དུ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་མིན་སོགས་གྲངས་གཞིར་འགོད་ཀྱི་ཡོད་ཅེས་བཤད།

བྱེད་སྒོའི་ཁྲོད།ཚང་མས་སྔ་རྗེས་སུ་དབྱེ་ཞིབ་དང་། གྱེས་རྡུལ་གྱི་མདོག་ལས་རིམ་པ་དབྱེ་བ། རྡུལ་ཕྲན་གྱི་བསྡུ་ལེན། རྡུལ་ཕྲན་གྱི་འོད་འཇམ་དབྱེ་བ། འོད་འབྱེད་འོད་ཚད་འཇལ་བ་སོགས་ཀྱི་ཚོད་ལྟ་ཁང་ལ་ལྟ་སྐོར་བྱས་པ་དང་། ཚོད་ལྟ་ཁང་ནང་གི་གྱེས་རྡུལ་གྱི་མདོག་ལས་རིམ་པ་དབྱེ་བའི་ཡོ་བྱད་དང་། སྨུག་ཕྱིའི་འོད་འབྱེད་འོད་ཚད་ཀྱི་འཇལ་ཆས། གྱེས་རྡུལ་གྱི་མེ་ལྕེའི་འོད་འབྱེད་འོད་ཚད་ཀྱི་འཇལ་ཆས། གྱེས་རྡུལ་བསྡུ་ལེན(རྡོ་སྣག་ཐབ)འོད་འབྱེད་འོད་ཚད་ཀྱི་འཇལ་ཆས། རང་འགུལ་ཅན་གྱི་སྨུག་ཕྱིའི་སྣུམ་འཇལ་ཡོ་བྱད་སོགས་རྒྱུན་སྤྱོད་འབྱུང་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་གྱི་ཡོ་བྱད་དང་། དེ་བཞིན་ཁོར་ཡུག་གི་མ་དཔེ་འཚོལ་བསྡུ། ཚད་ལེན་དབྱེ་ཞིབ། གོ་རིམ་ཧྲིལ་པོའི་སྤུས་ཚད་ཚོད་འཛིན་བཅས་བྱས་ཏེ་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞིའི་སྤུས་ཚད་འགན་ལེན་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁོར་ཡུག་གི་སྤུས་ཚད་ལ་གདེང་འཇོག་བྱེད་པ་དང་ཁོར་ཡུག་བཅོས་སྐྱོང་གི་ཕན་འབྲས་ལ་ཞིབ་བཤེར་བྱེད་པ་སོགས་ཀྱི་ཐད་རྒྱུས་ལོན་ཞིབ་ཕྲ་བྱས་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-06 “དྲུག་པའི་ཚེས་ལྔའི”འཛམ་གླིང་ཁོར་ཡུག་ཉིན་མོར་བསུ་བ་ཞུས་པ། 6 6 拉萨日报藏文 c182183.html 1 ལྷ་སའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་སྒྲིག་བཀོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ། /enpproperty-->