分享按钮

ལྗོངས་ཡོངས་ཀྱི་ཆུ་ཚོད་24ཡི་རིག་ལྡན་དཔེ་མཛོད་ཁང་ཐོག་མ།

ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གི་རིག་ལྡན་དཔེ་ཀློག་གི་སྤྱི་པའི་རིག་གནས་བར་མཐོངས་གསར་པ་བེད་སྤྱོད་གཏོང་རྩིས་ཡོད་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གྲངས་འཛིན་ཅན་གྱི་དུས་རབས་སུ་སླེབས་པ་དང་བསྟུན་ནས་ཀློག་པ་པོའི་རང་གཤིས་ཅན་གྱི་དགོས་མཁོ་ཡང་ཤུགས་ཆེར་འགྲོ་བཞིན་ཡོད་པས། གྲངས་འཛིན་ཅན་གྱི་དུས་རབས་ཀྱི་འཕེལ་རིམ་ལ་སྔར་བས་སྐུལ་འདེད་ཡག་པོ་གཏོང་ཆེད། ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གིས་ཟླ་7པར་ཆུ་ཚོད་24ཡི་རིག་ལྡན་དཔེ་མཛོད་ཁང་སྟེ་རིག་གནས་དཔེ་ཀློག་གི་སྤྱི་པའི་རིག་གནས་བར་མཐོངས་ཀྱི་གཙོ་གནད་རིག་གནས་རྣམ་གྲངས་བེད་སྤྱོད་གཏོང་རྒྱུ་ཡིན་པ་དང་གྲངས་འཛིན་ཅན་གྱི་འདུ་ཤེས་ཀྱི་ཐོག་ནས་སྟེགས་བུ་འཛུགས་སྐྲུན་དང་། རིག་གནས་དཔེ་ཀློག ཞབས་ཞུ་ཉམས་ལེན་བཅས་ཀྱི་ཐད་གསར་བརྗེས་བྱས་ཏེ་སྤྱི་པའི་དཔེ་མཛོད་ཁང་གི་དཔེ་ཀློག་ཞབས་ཞུའི་འཛུགས་སྐྲུན་ལ་གསོན་ཤུགས་གསར་པ་སྣོན་རྒྱུ་ཡིན་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།ལྷ་ས་གྲོང་ཁྱེར་གྱི་ཆུ་ཚོད་24ཡི་རིག་ལྡན་དཔེ་མཛོད་ཁང་གིས་འབྱུང་ཁམས་དབྱེ་འབྱེད་དང་། རང་འགུལ་ཅན་གྱི་ཚོད་འཛིན། གྲངས་གཞི་ཆེན་མོ། སྨྱན་སྦྱོར། དེ་བཞིན་དྲ་རྒྱའི་འཕྲིན་གཏོང་བཅས་ཀྱི་ལག་རྩལ་གཙོ་བོར་བཟུང་ནས་འབྲེལ་ཡོད་ལག་རྩལ་དེ་རང་འདེམས་དཔེ་མཛོད་ཁང་ཆ་ཚང་ཞིག་ཏུ་བསྡུ་སྒྲིལ་བྱས་ཏེ་སྲོལ་རྒྱུན་དཔེ་མཛོད་ཁང་གི་སྒོ་དབྱེའི་དུས་ཚོད་ཐུང་བ་དང་བཀོལ་སྤྱོད་སྟབས་མི་བདེ་བ་སོགས་ཀྱི་གནད་དོན་མེད་པར་བཟོས་པ་དང་། ཁྱབ་ཚུལ་རང་བཞིན་གྱི་རང་འདེམས་དཔེ་མཛོད་ཁང་གི་སྤྱི་ཁྱབ་ཁང་དང་ཡན་ལག་ཁང་ཕན་ཚུན་འབྲེལ་མཐུད་ཐུབ་པ། ཐོན་ཁུངས་མཉམ་སྤྱོད། དཔེ་དེབ་དང་ཚད་ལྡན་ཡིག་ཆ་གཡར་ནས་ཕྱིར་སྤྲོད་ཐུབ་པ། ཆུ་ཚོད་24ཡི་ལས་རེས་མེད་པ་བཅས་བྱས་ཏེ་ཀློག་པ་པོར་སྐྱིད་སྣང་དོད་ལ་ནུས་ཆེའི་དཔེ་ཀློག་བར་མཐོངས་ཀྱི་རིག་ལྡན་དཔེ་མཛོད་ཁང་ཆ་ཚང་ཞིག་གཏོད་རྒྱུ་ཡིན་པ་རེད། རྣམ་གྲངས་དེར་ཁྱོན་མ་དངུལ་སྒོར་2491874.33བཏང་བ་དང་སྤྱིའི་ཨར་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་608.42ཟིན་ཡོད་པ་རེད། གཙོ་བོ་ཐོག་སོ་གཉིས་སུ་དབྱེ་ཡོད་པ་སྟེ། ཐོག་སོ་དང་པོ་ནི་ཀློག་པ་པོའི་དཔེ་ཀློག་ཁང་ཡིན་པ་དང་།ས་བཟུང་རྒྱ་ཁྱོན་ལ་སྨི་ངོས་གྲུ་304.21ཟིན་ཞིང་། དེའི་ནང་གློག་རྡུལ་དཔེ་ཀློག་ཁུལ་དང་། བོད་སྐྱོར་རིག་གནས་འགྲེམས་སྟོན་འཆར་ཤེལ། ལྟ་ཀློག་ཁང་སོགས་ནུས་པ་མང་པོ་ཚུད་ཡོད་པས་ཀློག་པ་པོ་རྣམས་ལ་དེ་བས་སྟབས་བདེ་དང་དེ་བས་གཏིང་ཟབ་པའི་དཔེ་ཀློག་གི་ཉམས་ལེན་ཐུབ་པར་བྱ་རྒྱུ་རེད། ཐོག་སོ་གཉིས་པ་ནི་རང་སྦྱོང་ཁང་དང་བྱེད་སྒོ་ཁང་ཡིན་པ་དང་། ས་བཟུང་རྒྱ་ཁྱོན་ལ་སྨི་ངོས་གྲུ་304.21ཟིན་ཡོད་ཅིང་། གཙོ་བོ་གློག་རྡུལ་ལྟ་ཀློག་ཁུལ་དང་། ཕ་མ་བུ་ཕྲུག་གི་བྱེད་སྒོ་ཁུལ། དཔེ་དེབ་ལྟ་ཀློག་ཁུལ། སྤྲོ་གསེང་ཁུལ་བཅས་ཚུད་ཡོད་པས་ཀློག་པ་པོར་དགོས་མཁོ་མི་འདྲ་བ་སྐོང་ཐུབ་པ་དང་། ཀློག་པ་པོའི་སྣ་མང་ཅན་དང་སྐྱིད་སྣང་དོད་པའི་དཔེ་ཀློག་དང་སློབ་སྦྱོང་གི་ཁོར་ཡུག་མཁོ་འདོན་བྱ་རྒྱུ་དང་ཆབས་ཅིག་རིག་གནས་དང་། རིག་གཞུང་། སྤྱི་ཚོགས་འབྲེལ་འདྲིས་བཅས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ནས་ཀློག་པ་པོའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་རྒྱུ་ཡིན་པ་རེད། ས་ཁོངས་དེ་དག་འཛུགས་སྐྲུན་དང་འཐུས་སྒོ་ཚང་དུ་བཏང་བ་བརྒྱུད་རིག་ལྡན་དཔེ་མཛོད་ཁང་གིས་ཀློག་པ་པོའི་དགོས་མཁོ་དེ་བས་ལེགས་པར་བསྐང་རྒྱུ་དང་།ཞབས་ཞུའི་སྤུས་ཚད་མཐོ་རུ་ཕྱིན་ནས་རིག་གནས་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

ལྷ་ས་གྲོང་ཁྱེར་གྱི་ཆུ་ཚོད་24ཡི་རིག་ལྡན་དཔེ་མཛོད་ཁང་དེ་ཟླ་7པའི་ཟླ་སྟོད་དུ་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་དང་། ཟླ་7པའི་ཟླ་མཇུག་ཏུ་དངོས་སུ་སྒོ་འབྱེད་རྩིས་ཡོད་པས་སྐབས་དེར་སྤྱི་དམངས་ལ་རིག་ལྡན་དཔེ་ཀློག་གི་སྤྱི་པའི་རིག་གནས་བར་མཐོངས་གསར་པ་ཞིག་མངོན་རྒྱུ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-06 ལྗོངས་ཡོངས་ཀྱི་ཆུ་ཚོད་24ཡི་རིག་ལྡན་དཔེ་མཛོད་ཁང་ཐོག་མ། 6 6 拉萨日报藏文 c182178.html 1 ལྷ་ས་གྲོང་ཁྱེར་དཔེ་མཛོད་ཁང་གི་རིག་ལྡན་དཔེ་ཀློག་གི་སྤྱི་པའི་རིག་གནས་བར་མཐོངས་གསར་པ་བེད་སྤྱོད་གཏོང་རྩིས་ཡོད་པ། /enpproperty-->