ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། དུས་རབས་གསར་པའི་ཧྥེང་ཆའོ་ཡི་ཉམས་མྱོང་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཧུར་ཐག་བསྟར་ནས་གྲོང་ཁྱེར་ཡོངས་ཀྱི་གོང་འོག་ཚང་མར་སྔོན་ཐོན་པར་སློབ་སྦྱོང་དང་། སྔོན་ཐོན་པར་བརྩི་འཇོག སྔོན་ཐོན་པ་ཞིག་ཏུ་འགྱུར་བར་བརྩོན་ལེན་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་གཏོད་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པ་ཡག་ཤོས་ཀྱི་སྐབས་གསུམ་པའི་སྐོར་སྐྱོད་སྒྲོག་འགྲེལ་ཚོགས་པ་རང་གྲོང་གི་ཁེ་ལས་དང་བྱ་གཞག་ཚན་པར་བསྐྱོད་ནས་སྤྱི་བདེའི་སེམས་པ་ཏང་ལ་ཕྱོགས་ནས་རྒྱང་ལམ་གསར་པར་རམ་འདེགས་བྱེད་ཅེས་པ་གཙོ་དོན་དུ་བྱས་པའི་སྐོར་སྐྱོད་སྒྲོག་འགྲེལ་བྱེད་སྒོ་ཐོག་མ་དེ་གཉེར་བ་རེད།
བྱེད་སྒོའི་ཐོག ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་སྐབས་གསུམ་པའི་མི་དམངས་ཉེན་རྟོག་པ་ཡག་ཤོས་ཀྱི་འཐུས་མི་ལིའུ་ཁྲུན་ཧྥེང་དང་། ཚེ་གཡང་། བློ་ལྡན་བཅས་དང་།ལས་རོགས་ཉེན་རྟོག་པ་ཡག་ཤོས་ཀྱི་འཐུས་མི་ཁྱི་སྐྱག་ཚེ་རིང་བཅས་ཀྱིས་ཡུལ་དངོས་སུ་སྒྲོག་འགྲེལ་བྱས་པ་སྟེ། ཁོང་ཚོས་ལས་ཀའི་གྲུབ་འབྲས་དང་ཉེ་འགྲམ་གྱི་གཏམ་རྒྱུད་ནས་འགོ་ཚུགས་ཏེ། བབ་ཆགས་ཀྱི་སྐད་ཆ་དང་། ཟོལ་མེད་ཀྱི་བརྩེ་དུང་ཐོག་ནས་རང་རང་སོ་སོའི་ལས་གནས་ཐོག་འགན་འཁྲི་སྒྲུབ་པ་དང་། མི་སེམས་འགུལ་བའི་མཛད་རྗེས་བཞག་པའི་སྐོར་སྒྲོག་འགྲེལ་བྱས་ནས་དུས་རབས་གསར་པའི་སྤྱི་བདེ་ལས་ཁུངས་དང་སྤྱི་བདེ་མི་དམངས་ཉེན་རྟོག་པས་ཏང་ལ་བློ་དཀར་བ་དང་། མི་དམངས་ལ་ཞབས་འདེགས་ཞུ་བ། ཁྲིམས་འཛིན་དྲང་གཞག སྒྲིག་ཁྲིམས་ནན་པོ་བཅས་ཡིན་པའི་བསམ་པའི་ཉམས་འགྱུར་ལེགས་པོ་མངོན་པར་བྱས་པས། དེ་གར་ཡོད་པའི་ལྟད་མོ་བ་ཚོའི་དགའ་བསུ་ཚད་མེད་ཐོབ་པ་རེད།
བྱེད་སྒོ་མཇུག་འགྲིལ་རྗེས། ལས་བཟོ་བའི་འཐུས་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་སྤྱི་བདེའི་སྔོན་ཐོན་པར་སློབ་སྦྱོང་ཧུར་ཐག་བྱས་ནས་རང་རང་སོ་སོའི་ལས་གནས་ཐོག་སྔོན་ཐོན་པ་ཞིག་ཏུ་འགྱུར་བར་བརྩོན་ལེན་བྱས་ཏེ།ལས་ཀ་ཏན་ཏིག་ངང་བསྒྲུབ་རྒྱུ་ཡིན་ཞེས་བཤད་པ་དང་། བོད་ལྗོངས་གསར་སྤེལ་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སི་ནས་ཡོང་བའི་ལུའི་ཅེ་ཡིས་སྒྲོག་འགྲེལ་ལ་ཉན་པ་བརྒྱུད། ངས་སྤྱི་བདེའི་ལས་དོན་གྱི་དཀའ་ཚེགས་དང་ལས་སླ་པོ་མིན་པའི་འཚོ་བར་ཤེས་རྟོགས་བྱུང་། མི་དམངས་ཉེན་རྟོག་པས་ལས་གནས་ཐོག་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དུས་མཚུངས་ང་ཚོས་ཀྱང་ལྷ་སའི་མི་དམངས་ཉེན་རྟོག་པ་ཡག་ཤོས་ལ་སློབ་སྦྱོང་བྱས་ཏེ། རང་ཉིད་ཀྱི་ལས་གནས་ལ་གཞི་ཚུགས་ནས་འགན་འཁྲི་སྒྲུབ་པ་དང་། འགན་འཁྲི་ཁུར་ཕོད་པ་བཅས་བྱ་རྒྱུ་ཡིན་ཞེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་སྐབས་གསུམ་པའི་མི་དམངས་ཉེན་རྟོག་པ་ཡག་ཤོས་དང་། ལས་རོགས་ཉེན་རྟོག་པ་ཡག་ཤོས། ཉེན་རྟོག་པའི་ནང་མི་ཡག་ཤོས་བཅས་ཀྱི་ཁྲོད་ནས་ཁ་ཤས་ནི་སྡེ་ཁུལ་དུ་རྩ་བ་ཚུགས་ནས་ཁ་ཁུ་སིམ་པོའི་ངང་ལས་དོན་བསྒྲུབས་ཏེ་མང་ཚོཊ་ཀྱི་དཀའ་ངལ་སེལ་རོགས་བྱེད་བཞིན་ཡོད་པ་དང་། ཁ་ཤས་ནི་སློབ་སྦྱོང་དང་བསམ་བློ་གཏོང་རྒྱུར་དགའ་ཞེན་དང་། རེས་འཁོར་རྗེས་སྙེག་བྱས་ཏེ། མི་དམངས་མང་ཚོགས་ཀྱི་རྒྱུ་ནོར་ལ་སྲུང་སྐྱོང་བྱེད་མཁན་དུ་གྱུར་ཡོད། ཁོང་ཚོས་མ་གཞི་ནས་ཁྱབ་ཁོངས་མི་འདྲ་བར་བརྟན་སྲུང་བྱེད་ཀྱི་ཡོད་མོད། ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་ལས་འགན་བློ་ལ་བརྟན་པོར་བཅངས་ནས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་བཞིན་ཡོད།
ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཆབ་སྲིད་པུའི་ཀྲུའུ་རེན་གཞོན་པ་ཚེ་རིང་རྡོ་རྗེས་ཕྱིས་འབྱུང་སྐོར་སྐྱོད་སྒྲོག་འགྲེལ་ཚོགས་པ་མུ་མཐུད་ནས་སྡེ་ཁུལ་དང་། གྲོང་ཚོ་དང་གྲོང་རྡལ། སློབ་གྲྭ ལས་ཁུངས་སོགས་སུ་བསྐྱོད་ནས“ཡག་ཤོས”ཀྱི་གཏམ་རྒྱུད་དག་ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་པར་བྱེད་པ་དང་། སྔོན་ཐོན་པའི་སྐུལ་ལྕག་གི་ནུས་པ་མུ་མཐུད་དུ་འདོན་སྤེལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ཁྱབ་སྤེལ་ཧུར་ཐག་བྱས་ནས་མི་དམངས་མང་ཚོགས་དང་སྤེལ་རེས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ། སྔོན་ཐོན་པའི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་པ་བཅས་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社