ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་སའི་ངོ་མཚར་ཚན་རིག་ཁྱབ་གདལ་གྱོད་དོན་མྱུལ་ཞིབ་ཁང་དང་ཕ་མ་བུ་ཕྲུག་གི་རོལ་རྩེད་བྱ་ཡུལ་དང་པོ་དེ་རྔ་ཆེན་ལམ་གྱི་མོ་ཏེང་དུས་རབས་འཚོ་བའི་ཐང་ཆེན་དུ་ལས་འགོ་བཙུགས་ནས་དྲུག་གཅིག་རྒྱལ་སྤྱིའི་བྱིས་པའི་དུས་ཆེན་དང་ངལ་གསོའི་ཉིན་མོར་ཁྱིམ་བདག་དང་ཕྲུ་གུ་ཚོའི་འགྲོ་ཡུལ་ཡག་པོ་ཞིག་ཏུ་གྱུར་ཡོད་པ་རེད།
གསར་འགོད་པ་ཚན་རིག་ཁྱབ་གདལ་གྱོད་དོན་མྱུལ་ཞིབ་ཁང་དུ་བསྐྱོད་དེ་གད་སྙིགས་ལས་གྲུབ་པའི་སྲོག་ཆགས་ཡ་མཚན་ཅན་གྱི་དམག་འཐབ་ཆེན་པོ་དང་། གསར་བརྗེའི་ལས་འགན། ཛ་དྲག་རོགས་སྐྱོབ་ཆེན་པོ་སོགས་ཁྱོན་གསང་ཁང་12ཡོད་པ་དང་། གསང་ཁང་རེ་རེའི་ཇུས་འགོད་ལ་ཚན་རིག་གི་གཞི་རྒྱུས་ཁེངས་ཡོད་པས་ཚན་རིག་གི་རྩ་བའི་རིགས་པ་དེ་གསོན་ཉམས་ལྡན་པའི་རོལ་རྩེད་ཀྱི་འགག་སྒོར་བསྒྱུར་ཡོད་པ། ཕྲུ་གུ་ཚོས་རང་ཉིད་ཀྱི་བློ་གྲོས་དང་བློ་སྟོབས་ལ་བརྟེན་ནས་ཁུངས་སྣེར་ཤེས་རྟོགས་དང་། གནད་དོན་ལ་དབྱེ་ཞིབ། གནད་དོན་ཐག་གཅོད་བཅས་བྱས་ཏེ་རོལ་རྩེད་ཁྲོད་བསམ་བློ་གསར་འབྱེད་བྱས་ནས་ཕྲུ་གུ་ཚོའི་ཡ་མཚན་གྱི་བསམ་པ་དང་ཤེས་འདོད་འཕེལ་བར་བྱས་ཡོད་པ་མཐོང་བྱུང་།
ཚན་རིག་ཁྱབ་གདལ་ཁང་དུ་གསར་བརྗེའི་ལས་འགན་འཁྲབ་གཞུང་དུ་བྱས་པའི་གནས་ཚུལ་དེ་བས་ཐབས་མཁས་ངང་ཇུས་འགོད་བྱས་ནས་ལོ་རྒྱུས་ཀྱི་དོན་རྐྱེན་དང་གྱོད་དོན་མྱུལ་ཞིབ་ཀྱི་གནས་ཚུལ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཕྲུ་གུ་ཚོས་ཁུངས་སྣེ་འཚོལ་བ་དང་གབ་ལན་རྒྱག་པའི་བརྒྱུད་རིམ་ནང་གྱོད་དོན་འཚོལ་ཞིབ་ཀྱི་སྤྲོ་སྣང་ཚོར་ཐུབ་པར་མ་ཟད། ཀྲུང་གོའི་ལོ་རྒྱུས་དང་གསར་བརྗེའི་སྔོན་གཤེགས་དཔའ་བོའི་རླབས་ཆེན་སྙིང་སྟོབས་ལ་ཤེས་རྟོགས་གཏིང་ཟབ་ཐུབ་པས་མིག་རྒྱང་རྒྱ་ཆེ་རུ་ཕྱིན་པ་དང་། ད་དུང་བསམ་བློར་སློབ་གསོ་ཐེབས་ཡོད་པ་རེད།
ལྷ་སའི་ཚན་རིག་ཁྱབ་གདལ་གྱོད་དོན་མྱུལ་ཞིབ་ཁང་དང་པོའི་འགན་འཁུར་བ་ཚེ་བརྟན་དངོས་གྲུབ་ཀྱིས། ཚན་རིག་ཁྱབ་གདལ་གྱི་གྱོད་དོན་མྱུལ་ཞིབ་ཁང་བཙུགས་པ་ནི་ལྷ་སའི་གྲོགས་པོ་ཆུང་ཆུང་ཚོར་ཚན་རིག་ཁྱབ་གདལ་ཤེས་བྱ་སློབ་སྦྱོང་བྱེད་པའི་རོལ་རྩེད་ཀྱི་ཁོར་ཡུག་དེ་བས་ལེགས་པ་ཞིག་ཡོད་པ་དང་། སྤྲོ་སྣང་གི་སློབ་གསོའི་བྱ་ཐབས་བརྒྱུད་གྲོགས་པོ་ཆུང་ཆུང་གི་ལྟ་ཞིབ་ནུས་པ་དང་ཤེས་བྱ་འཚོལ་ཞིབ་བྱེད་པའི་སྤྲོ་སྣང་ཆེ་རུ་ཕྱིན་ནས་སློབ་དེབ་ཕུད་པའི་ཤེས་བྱ་དེ་བས་མང་བ་སློབ་སྦྱོང་བྱེད་དུ་འཇུག་ཆེད་ཡིན་ཞེས་བཤད།
ཡ་མཚན་ཚན་རིག་ཁྱབ་གདལ་གྱི་གྱོད་དོན་མྱུལ་ཞིབ་ཁང་གིས་ལོ་5ཡན་གྱི་གཞོན་ནུ་ལོ་ཆུང་ལ་དམིགས་ནས་ཁྱིམ་བདག་གི་ཕེབས་རོགས་འོག་ལྟ་ཞིབ་དང་། བསམ་གཞིགས། མཉམ་ལས་སོགས་ཀྱི་བྱ་ཐབས་བརྒྱུད་གབ་ཚིག་དང་དཀའ་གནད་རབ་དང་རིམ་པ་ཐག་གཅོད་བྱས་ཏེ་རྒྱུན་ཆད་མེད་པར་ཁུངས་སྣེ་འཚོལ་བ་དང་འཁྲབ་གཞུང་གི་གནས་ཚུལ་རིགས་འདེད་བྱས་ནས་མཐར་འགྲན་སློང་ལེགས་གྲུབ་བྱ་རྒྱུ་རེད། དེ་དང་ཆབས་ཅིག་རོལ་རྩེད་ཁྲོད་ཟླ་རེར་ཨང་དང་པོར་སླེབས་པའི་གྲོགས་པོ་ཆུང་ཆུང་ཚོར་ཚན་རིག་ཁྱབ་གདལ་ཁང་གིས་ད་དུང་ཕྲུ་གུའི་རྩེད་ཆས་ཀྱི་ལག་རྟགས་སྣ་ཚོགས་ཀྱང་སྤྲོད་ཀྱི་ཡོད་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社