(པར་ངོས་དང་པོར་མཐུད)བདུན་པ་ནི་ལག་རྩལ་ཞབས་ཞུ་མཁོ་འདོན་བྱེད་པ་བཅས་ཡིན་ལ། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ནང་གི་མི་ཚང་མ་ནི་ཆེད་ལས་ལག་རྩལ་མི་སྣ་ཡིན་པས། རྨང་གཞིའི་མཛུབ་ཁྲིད་མཁོ་འདོན་བྱེད་དགོས་ཞེས་བཤད།
ཤིང་འཛུགས་ནགས་བཟོའི་ལྷུ་ཚིགས་ཚང་མར་དོ་སྣང་བྱ་ཆེད། ད་ལོའི་ཟླ་3པ་ནས་བཟུང་། རང་གྲོང་གིས་ནགས་བཟོའི་ཡུག་ཁུལ་ཡོངས་ལ་ཁྱབ་པའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཙུགས་པ་དང་། ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཉིན་ལྟར་ནགས་བཟོ་ཁུལ་ཁག་ཏུ་བསྐྱོད་དེ་ཆར་རླུང་དང་ཉི་མའི་ཚ་གདུག་ལ་མ་འཛེམས་པར་ཤིང་འཛུགས་ནགས་བཟོའི་ལས་དོན་ལ་ཞིབ་བཤེར་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དང་། ཞིབ་ཕྲའི་གནས་ཚུལ་ཚང་མར་དོ་སྣང་བྱས་ནས་སྔོ་འགྱུར་ལས་དོན་གྱི་སྤུས་ཚད་ལ་འགན་ལེན་ཏན་ཏིག་བྱས་པ་རེད།
ཝང་ཧྲང་ཏེས་གྲོང་ཁྱེར་ཡོངས་སུ་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་བཞི་བཙུགས་ཡོད་པ་སྟེ། དེ་དག་ནི་རིམ་བཞིན་ཆུ་ཤུར་རྫོང་དང་། སྟོད་ལུང་སྣེའུ། ཁྲེང་ཀོན་རིག་གནས་གསར་གཏོད་གླིང་། སྟག་རྩེ་བཅས་ནི་ཚོགས་ཆུང་རེ་རེ་ཡིན་པ་རེད། རྫོང(ཆུས)གི་ནགས་ལས་གཙོ་གཉེར་བློ་མཐུན་གྱིས་ཙུའུ་ཀྲང་གཞོན་པའི་འགན་འཁུར་ཡོད། ང་ཚོས་ཟླ་3ཚེས་30ཉིན་ལྟ་སྐུལ་མཛུབ་ཁྲིད་བྱས་པ་ནས་ད་བར་ཉིན་གཅིག་ཀྱང་ངལ་གསོ་མ་བརྒྱབ་པར་ཡུག་ཁུལ་དུ་བསྡད་དེ་སྔོ་འགྱུར་ལས་དོན་གྱི་སྤུས་ཚད་ལ་འགན་ལེན་བྱས་པ་ཡིན་ཞེས་བཤད།
སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཀྱི་མི་སྣ་ཕུད། ད་དུང་མི་ཚོགས་འདི་འདྲ་ཞིག་ཀྱང་ཡོད་པ་སྟེ། ཁོང་ཚོས་ཡང་ཆར་རླུང་གང་ལ་ཡང་མ་འཛེམས་པར་ཤིང་འཛུཊ་ནགས་བཟོའི་ལས་དོན་གྱི་ཕྱོགས་གང་ཅིའི་ཐད་ལ་ཞིབ་བཤེར་བྱེད་བཞིན་ཡོད། ཁོང་ཚོ་ནི་ཡུལ་དངོས་ཀྱི་ལྟ་སྐུལ་དོ་དམ་པ་རེད།
ཆར་པ་སིམ་སིམ་དུ་བབས་བྱུང་། གསར་འགོད་པ་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་ལྷ་མོ་གཙང་རྟོགས་ཡུག་ཁུལ་དུ་འབྱོར་བའི་སྐབས་སུ། སྔོ་འགྱུར་བཟོ་པ་ཚོས་ཆར་གོས་གྱོན་ནས་ལ་ལས་ས་དོང་བརྐོ་བ་དང་། ལ་ལས་ཤིང་སོན་འདེབས་འཛུགས་བྱེད་པ། ལ་ལས་དྲེལ་དང་རྟ་དེད་ནས་ཤིང་སོན་སྐྱེལ་འདྲེན་བྱེད་པ་བཅས་མཐོང་བྱུང་། ཚང་མས་ལས་བགོས་ཁ་གསལ་དང་། རང་འགན་གཙང་སྒྲུབ། ལས་དུས་འཕར་མ་བཅས་བྱས་ནས་གཏན་འཁེལ་བྱས་པའི་དུས་ཚོད་ནང་ཤིང་འཛུགས་ཀྱི་ལས་འགན་ལེགས་འགྲུབ་ཡོང་བར་བྱེད་ཀྱི་ཡོད་པ་རེད།
ལྷ་མོ་གཙང་རྟོགས་ཡུག་ཁུལ་གྱི་ཡུལ་དངོས་ཀྱི་འགན་འཁུར་བ་ཏུའུ་ཅིན་ཡུང་གིས་གསར་འགོད་པར་ང་ཚོའི་ཡུག་ཁུལ་དུ་ཁྱོན་ས་ཞིང་མུའུ་4120.4ཡོད་པ་དང་། ཤིང་སོན་རྐང་ཁྲི་48འདེབས་འཛུགས་བྱ་རྒྱུ་ཡིན། མིག་སྔར་ཤིང་སོན་རྐང་ཁྲི་18ལྷག་ཙམ་འདེབས་འཛུགས་བྱས་ཟིན་པ་ཡིན་ཞེས་བཤད།
ཆར་པའི་ཁྲོད་དུ་ལས་གོས་སྔོན་པོ་གྱོན་པའི་མི་ཞིག་ལ་ཀུན་གྱིས་དོ་སྣང་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད། ཁོང་གིས་སྐབས་རེ་ཤིང་སོན་གྱི་མཐོ་ཚད་འཇལ་བ་དང་། སྐབས་རེ་ཤིང་སོན་འཛུགས་སའི་ས་དོང་གི་ཟབ་ཚད་འཇལ་བ། ཡང་སྐབས་རེ་བཟོ་པ་རྣམས་ལ་ཤིང་སོན་འདེབས་འཛུགས་ཀྱི་བླང་བྱའི་ཐད་གྲོས་མོལ་བྱས་ཏེ་བྲེལ་བྲེལ་འཚུབ་འཚུབ་ངང་ལས་ཀ་བྱེད་ཀྱིན་ཡོད། ཁོང་ནི་ཡུག་ཁུལ་དེའི་ཡུལ་དངོས་ཀྱི་ལྟ་སྐུལ་དོ་དམ་པ་དབྱངས་ཅན་ཡིན་པ་རེད།
དབྱངས་ཅན་གྱིས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭའི་ཡུལ་དངོས་ཀྱི་ལྟ་སྐུལ་དོ་དམ་པ་ཞིག་ཡིན་པའི་ངོས་ནས། ང་ཚོའི་འགན་འཁྲི་ཧ་ཅང་ལྕི་པོ་ཡོད། ཡུལ་དངོས་སུ་ང་ཚོའི་འགན་འཁྲི་དང་པོ་ནི་ཤིང་སོན་འདེབས་འཛུགས་ཀྱི་མྱུར་ཚད་ལ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་དེ་ཡིན། ཤིང་སོན་འདེབས་འཛུགས་མ་བྱས་གོང་ཤིང་སོན་འདེབས་འཛུགས་ཀྱི་ས་དོང་དང་། ཤིང་སོན་གྱི་ཚངས་ཐིག མཐོ་ཚད་བཅས་བླང་བྱ་དང་མཐུན་ཡོད་མེད་ལ་ཞིབ་བཤེར་བྱེད་དགོས། གལ་ཏེ་བླང་བྱ་དང་མ་མཐུན་ཚེ་འདེབས་འཛུགས་བྱེད་མི་ཆོག་པ་དང་། ངེས་པར་དུ་འགག་སྒོ་རེ་རེ་ལེགས་པར་བསྒྲུབས་ནས་ཇུས་འགོད་ཀྱི་བླང་བྱ་ལྟར་ལས་རིམ་རེ་རེ་ལེགས་འགྲུབ་ཡོང་བར་བྱེད་དགོས་ཞེས་བཤད།
ཡུག་ཁུལ་ཚང་མར་ཉུང་མཐར་ཡང་ཡུལ་དངོས་ཀྱི་ལྟ་སྐུལ་དོ་དམ་པ་གཅིག་རེ་བཀོད་སྒྲིག་བྱེད་དགོས་པ་དང་། ཤིང་འཛུགས་ཀྱི་སྤུས་ཚད་ལ་ཞིབ་བཤེར་བྱ་རྒྱུ་ནི་རང་གྲོང་གིས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་ལས་གྲྭ་བདེ་བླག་ངང་སྐུལ་འདེད་གཏོང་བའི་ནུས་ལྡན་གྱི་འགན་ལེན་བྱ་ཐབས་གཞན་ཞིག་རེད། ཡུལ་དངོས་ཀྱི་ལྟ་སྐུལ་དོ་དམ་པའི་གཞུང་ལས་ཁང་དེ་ཡང་ནགས་བཟོའི་ཡུག་ཁུལ་དུ་ཡོད་པ་དང་། ཆེས་ཐོག་མའི་ས་དོང་བརྐོ་བ་ནས་མཐའ་མའི་བདག་སྐྱོང་བར་གྱི་ལྷུ་ཚིགས་ཚང་མའི་ནང་ཁོང་ཚོས་ལྟ་སྐུལ་དོ་དམ་བྱེད་དགོས།
ཆར་བ་བབས་མཚམས་བཞག་པའི་རྗེས་སུ་ནམ་མཁའ་སྔོ་ཞིང་གཡའ་དག སྔོ་ཐིང་ཐིང་གི་མཁའ་དབྱིངས་ཀྱི་འོག་ཏུ་བྲེལ་བྲེལ་འཚུབ་འཚུབ་ཀྱི་གཟུགས་བརྙན་རེ་རེ་དང་འབད་འཐབ་ཀྱི་རྣམ་པ་རེ་རེས་ལོ་ལྔའི་རིང་རི་ཆུ་སྔོ་ལྗང་ཅན་དུ་འགྱུར་བ་བྱེད་པ་དང་། ལོ་བཅུའི་རིང་ལྷ་ས་སྔོ་ལྗང་ཅན་དུ་འགྱུར་བ་བྱེད་པའི་ཕུགས་འདུན་རིམ་བཞིན་དོན་དངོས་སུ་འགྱུར་བཞིན་ཡོད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社