分享按钮

རང་གྲོང་གིས་མཚན་མོའི་དཔལ་འབྱོར་ཁུལ་དུ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

མཚན་མོའི་ཁྲོམ་ར་བསྐོར་བ་དང་། མཚན་ཟས་ཟ་བ། མཚན་མོ་ཡུལ་སྐོར་ལ་འགྲོ་བ་སོགས་མཚན་མོའི་དཔལ་འབྱོར་དེ་འཛད་སྤྱོད་པའི་རང་གཤིས་ཅན་དང་སྣ་མང་ཅན་གྱི་དགོས་མཁོ་སྐོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་གྱུར་ནས་ཞབས་ཞུའི་ལས་རིགས་སླར་གསོ་མགྱོགས་མྱུར་ཡོང་བར་སྐུལ་འདེད་གཏོང་བ་དང་། འཛད་སྤྱོད་ཁྲོམ་རའི་མི་མངོན་པའི་སྟོབས་ཤུགས་འདོན་པ། གྲོང་ཁྱེར་གྱི་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད། ཉེ་ཆར། ཐེན་ཧའེ་རྒྱལ་སྤྱིའི་ཐང་ཆེན་དང་། ལྷ་སའི་ཡུལ་སྐོར་དཀྱིལ་འཁོར་གྲོང་སོགས་མཚན་མོའི་དཔལ་འབྱོར་ཁུལ་དུ་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་མཚན་མོའི་དཔལ་འབྱོར་གྱིས་འཛད་སྤྱོད་ཀྱི་རྣམ་པ་གསར་པ་འཕེལ་བར་བྱས་ཡོད།

ས་སྲོད་ཀྱི་མཚམས་སུ། གནའ་གྲོང་ལྷ་སར་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་ཤིག་མངོན་ཡོད། ཐེན་ཧའེ་རྒྱལ་སྤྱིའི་ཐང་ཆེན་དུ་མི་ཚོགས་ཀྱིས་ཁེངས་ཤིང་། འོད་དུ་འཚེར་བའི་འཇའ་ཚོན་གློག་སྒྲོན་གྱིས་མཚན་མོའི་ཁྲོམ་རའི་ཁྲོམ་གཞུང་ལ་མཛེས་རྒྱས་སྤྲས་ཤིང་། ཁྱད་ལྡན་ཞོར་ཟས་དང་། རིག་གནས་གསར་གཏོད་ཀྱི་ཐོན་རྫས། ཇ་དང་ཀོག་ཧྥེ། མེ་ཏོག་དང་སྔོ་ལྗང་སོགས་ཀྱིས་ཁྲོམ་བཀྱག་ཁུལ་དུ་འཁྲུག་ཆ་ཧ་ཅང་དོད་པོ་བཟོས་ཡོད། བསྲེགས་ཟས་ཁྲོམ་བཀྱག་ཅིག་གི་མདུན་དུ་གྲོང་མི་མི་ཉུང་བ་ཞིག་གིས་དགའ་པོ་བྱེད་པའི་བཟའ་བཅའ་འདེམས་བཞིན་ཡོད་པ་དང་། དུ་སྨུག་ཕྲན་བུ་འཕྱུར་བཞིན་དྲི་ཞིམ་སྣ་བར་འཐུལ་བས་མཚན་མོའི་འཚོ་བར་མཛེས་སྡུག་གིས་བརྒྱན་ཡོད། གྲོང་མི་མཁྱེན་ལྡན་མ་གྲན་ཆེ་གེ་མོས་གོ་ཐོས་སུ་ཧྲན་ཧའེ་ཚོང་འདུས་འགོ་ཚུགས་ཡོད་པ་གོ་ཐོས་བྱུང་བས་ཆེད་མངགས་གྲོགས་པོ་དང་མཉམ་དུ་ཁྲོམ་བསྐོར་བར་ཡོང་བ་ཡིན། ཚང་མ་མཉམ་དུ་བསྡད་ནས་བསྲེགས་ཟས་ལ་ལོངས་སྤྱོད་བྱེད་པ་འདི་དངོས་གནས་ཚོར་སྣང་ཧ་ཅང་སྐྱིད་པོ་ཞིག་འདུག་ཅེས་བཤད།

ཆུ་ཚོད་22ཙམ་ལ། གསར་འགོད་པ་ལྷ་ས་གྲོང་ཁྱེར་གྱི་ཀྲུང་ཧྭའི་ཞིམ་ཟས། བོད་ཀྱི་བྲོ་བའི་ཞིམ་ཟས་ཁྲོམ་གཞུང་དུ་སླེབས་ཤིང་།

སྐབས་དེར་ལྷ་སའི་དབྱིངས་ཧྭ་ལྒང་བཞུ་ཐོག་མར་སྤར་བ་དང་། མི་ཚོགས་ཀྱིས་ཁེངས་པའི་ཚོང་ལས་ཁུལ་དུ་འཁྲུག་ཆ་དོད་པའི་རྣམ་པས་ཁེངས་ཤིང་། ཁྱད་ལྡན་ཞིམ་ཟས་སྣ་ཚོགས་ཡོད་པ་དང་། གྲོང་མིས་རང་ཉིད་ཀྱི་གྲོགས་པོ་གྲོགས་མོ་དང་གཉེན་ཉེ་སོགས་དང་མཉམ་དུ་པར་རྒྱག་གི་འདུག གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཞིམ་ཟས་ཁྲོམ་གཞུང་གི་བྱེད་སྒོའི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ་དང་ཡིད་དབང་འགུག་ཤུགས་ཆེ་རུ་གཏོང་ཆེད། གཙོ་གཉེར་ཕྱོགས་ཀྱིས་འཛད་སྤྱོད་པར་དངུལ་སྨར་འཛིན་ཤོག་ཁྲི་བརྒྱ་དང་གློག་སྒུལ་སྦག་སྦག་བརྒྱ་སོགས་ཕན་བདེའི་བྱེད་སྒོ་གྲ་སྒྲིག་བྱས་ནས་འཛད་སྤྱོད་པའི་རྣམ་པ་མི་འདྲ་བའི་འཛད་སྤྱོད་ཀྱི་དགོས་མཁོ་སྐོང་གི་ཡོད་པ་རེད། གྲོང་མི་ཝུའུ་ཆེ་གེ་མོས་ཡུན་རིང་རེ་སྒུག་བྱས་པའི་ལྷ་སའི་དབྱིངས་ཁྲོམ་གཞུང་སྒོ་ཕྱེ་ཡོད་པས། ལས་ཐག་བཅད་རྗེས་ནང་མི་ཁྲིད་ནས་ཁྲོམ་བསྐོར་བར་ཡོང་སྐབས། འདི་གར་ཞིམ་ཟས་སྣ་ཚོགས་ཡོད་པར་མ་ཟད། ཁོར་ཡུག་ཀྱང་ཡག་པོ་ཡོད་པ་མཐོང་བྱུང་ཞེས་བཤད་པ་རེད།

སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་བསྟུན་ནས་གྲོགས་པོ་ཁ་ཤས་ལས་ཐག་བཅད་རྗེས་མཚན་ཟས་ཟ་བ་དང་། མཚན་མོའི་མཛེས་ལྗོངས་ལ་བལྟ་བ། གློག་བརྙན་ལ་བལྟ་བ་བཅས་ནི་རྒྱུན་གཏན་གྱི་རྣམ་པར་གྱུར་ཡོད། ལྷ་སའི་མཚན་མོའི་དཔལ་འབྱོར་འཕེལ་རྒྱས་ཀྱིས་གྲོང་མི་ཚོར་བག་ཆགས་གསར་པ་ཞིག་སྦྱིན་པར་མ་ཟད། འཛད་སྤྱོད་ཀྱི་དགོས་མཁོ་དེ་བས་མང་བ་འཕེལ་བར་བྱས་ནས་རིམ་བཞིན་གྲོང་ཁྱེར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། གྲོང་ཁྱེར་ཚོང་དོན་ཅུས་ཁྲོམ་རའི་མ་ལག་འཛུགས་སྐྲུན་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ལི་ནའེ་ཞོན་གྱིས་ལྷ་སའི་མཚན་མོའི་དཔལ་འབྱོར་གྱི་སྤུས་ཚད་དང་ཡིད་དབང་འཕྲོག་ཤུགས་ཆེ་རུ་གཏོང་ཆེད། ཚོང་ལས་ཁུལ་མི་ཉུང་བ་ཞིག་གིས་ད་དུང་སྦི་རག་དུས་ཆེན་དང་ཞིམ་ཟས་དུས་ཆེན་སོགས་ཀྱི་བྱེད་སྒོ་སྤེལ་ནས།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-03 6 6 拉萨日报藏文 c182035.html 1 རང་གྲོང་གིས་མཚན་མོའི་དཔལ་འབྱོར་ཁུལ་དུ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། /enpproperty-->