(པར་ངོས་དང་པོར་མཐུད)སོ་སྲུང་རོགས་རེས་བྱེད་པའི་གསོན་ཉམས་ལྡན་པའི་ལེའུ་ཞིག་བརྩམས་ཡོད། ཀྲུང་གོ་དང་ཐུ་ནི་སིའི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་ཡག་པོ་གཏོང་རྒྱུ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་ཐུན་མོང་གི་རེ་སྒུག་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐུ་ནི་སི་ཕྱོགས་དང་མཉམ་དུ་སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཛིན་དང་ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ཀྲུང་གོ་དང་ཐུ་ནི་སིའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ང་ཚོས་ཀྲུང་གོ་དང་ཐུ་ནི་སིའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་པ་དེས་རྒྱལ་ཁབ་གཉིས་པོའི་མ་འོངས་པའི་འབྲེལ་བ་སྔར་བས་མཛེས་སྡུག་ལྡན་པ་ཞིག་ཏུ་གཏོད་ཐུབ་ངེས་རེད།
ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ཀྲུང་གོ་ཕྱོགས་ཀྱིས་ཐུ་ནི་སིས་རང་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པར་རྒྱབ་སྐྱོར་བྱེད་བཞིན་ཡོད་པ་དང་། ཐུ་ནི་སིས་རང་བཙན་རང་བདག་གི་སྒོ་ནས་སྒྱུར་བཅོས་ཀྱི་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ། ལས་དབང་རང་ཉིད་ཀྱི་ལག་ཏུ་དམ་པོར་འཛིན་པར་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐུ་ནི་སིའི་ཕྱོགས་དང་འཕེལ་རྒྱས་འཐབ་ཇུས་ཐད་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ནུས་རྒྱུ་གསར་པ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སྨན་བཅོས་འཕྲོད་བསྟེན་དང་། འབྱུང་འཕྲོད་འཕེལ་རྒྱས། ཆུའི་ཐོན་ཁུངས། ཞིང་ལས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱེད་པ། རྒྱལ་ཁབ་གཉིས་པོས་སྤུས་ཚད་མཐོན་པོའི་ངང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པར་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་འདོད་ཡོད་ལ། ཐུ་ནི་སིའི་སྤུས་ལེགས་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་ཀྲུང་གོའི་ཁྲོམ་རར་ཞུགས་རྒྱུར་དགའ་བསུ་ཡང་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཐུ་ནི་སིར་ཆུ་ཚད་མཐོ་བའི་སྨན་བཅོས་རུ་ཁག་མུ་མཐུད་ནས་མངགས་གཏོང་བྱེད་པ་དང་། ཐུ་ནི་སིའི་དབར་སློབ་གསོ་དང་ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། མི་ཆོས་རིག་གནས་ཀྱི་སྤེལ་རེས་ཟབ་ཏུ་གཏོང་འདོད་ཡོད། ཕྱོགས་གཉིས་པོས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་དང་མཉམ་དུ་མཐུན་སྒྲིལ་རོགས་ལས་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་དུ་བསྟར་བ། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་རྒྱུ་དར་སྤེལ་གཏོང་བ་བཅས་བྱས་ཏེ། ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཐུ་ནི་སི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཀྲུང་ཨ་མཉམ་ལས་གླེང་སྟེགས་དང་། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཡག་པོ་གཉེར་ནས། ཀྲུང་ཨའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་གསར་པ་བསྣན་རྒྱུ་དང་། ལག་གདང་སྦྲེལ་ནས་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་འདོད་ཡོད།
སའེ་དབྱི་ཏེས་གསུངས་དོན། ཐུ་ནི་སི་དང་ཀྲུང་གོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་སྐབས་སུ། ཀྲུང་གོར་ལོ་རྒྱུས་རང་བཞིན་གྱི་འཚམས་འདྲི་ཞུ་རྒྱུ་བྱུང་བ་དང་འབྲེལ་ཀྲུང་ཨ་མཉམ་ལས་གླེང་སྟེགས་ཀྱི་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུའི་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་བྱུང་བར་དགའ་ཚོར་ཧ་ཅང་ཆེན་པོ་བྱུང་། ཐུ་ནི་སི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོའི་དབར་མཛའ་བཤེས་ཟབ་པ་དང་འདུ་ཤེས་གཅིག་མཐུན་ཡིན་ཞིང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཐུ་ནི་སི་ཕྱོགས་ཀྱིས་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་ཀྲུང་གོ་ཕྱོགས་ཀྱི་རྒྱབ་སྐྱོར་དེ་བས་མང་བ་ཐོབ་རྒྱུ་དང་། འཕྲོད་བསྟེན་དང་འགྲིམ་འགྲུལ། འབྱུང་འཕྲོད་འཕེལ་རྒྱས། སློབ་གསོ་སོགས་ཁྱབ་ཁོངས་ནང་ཀྲུང་གོ་ཕྱོགས་དང་མཉམ་ལས་དམ་ཟབ་བྱས་ཏེ། ཐུ་ནི་སི་དང་ཀྲུང་གོའི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། ཐུ་ནི་སི་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་པ་དང་། ཀྲུང་གོའི་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་ཡོང་བ་དང་ལྟེ་བའི་ཁེ་ཕན་ལ་སྲུང་སྐྱོང་བྱ་ཆེད་འབད་བརྩོན་བྱེད་པར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་བཞིན་ཡོད། ཐུ་ནི་སི་ཕྱོགས་དང་ཨ་རབ་རྒྱལ་ཁབ་ཀྱིས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཀྱི་འདུ་ཤེས་ལ་བསྔགས་བརྗོད་ཞུ་བཞིན་ཡོད་ལ། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་སྤྱིའི་ལས་དོན་ཁྲོད་གཞུང་དྲང་དང་དྲང་བདེན་བྱེད་པར་ཡང་བསྔགས་བརྗོད་ཞུ་བཞིན་ཡོད། རྒྱལ་ཁབ་ཚང་མར་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་རང་བདག་ངང་གདམ་ག་བྱེད་དབང་ཡོད། ཐུ་ནི་སི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་རྒྱུན་འཛིན་བྱེད་པ་དང་། མཐུན་སྒྲིལ་རོགས་ལས་དམ་ཟབ་བྱེད་པ། བཙན་དབང་རིང་ལུགས་དང་དཔུང་ཁག་འགྲན་རྒོལ་ལ་ངོ་རྒོལ་བྱེད་པ། དེ་བས་འདྲ་མཉམ་གྱི་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་གཏོད་པ་བཅས་བྱས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་དོན་ངོ་མའི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་ལོངས་སྤྱོད་ཐུབ་པ་དང་། འཆམ་མཐུན་མཉམ་གནས་ཐུབ་པ། ཞི་བདེ་དང་།བདེ་འཇགས། དར་རྒྱས་བཅས་མཉམ་སྤྱོད་ཐུབ་པར་བྱེད་འདོད་ཡོད།
ཕྱོགས་གཉིས་པོས་ད་དུང་ཕ་ལེ་སི་ཐན་དང་དབྱི་སི་རལ་གྱི་གདོང་ཐུག་ཐད་དགོངས་འཆར་བརྗེ་རེས་གནང་བ་རེད། ཞི་ཅིན་ཕིང་གིས་ནན་གསུངས་གནང་དོན། ཀྲུང་གོ་ཕྱོགས་དང་ཨ་རབ་རྒྱལ་ཁབ་ཀྱི་ལངས་ཕྱོགས་ཚད་མཐོའི་མཐུན་སྦྱོར་བྱུང་ཡོད་པས་ ཐུ་ནི་སི་སོགས་རྒྱ་ཆེའི་ཨ་རབ་རྒྱལ་ཁབ་དང་མཉམ་དུ་ཕ་ལེ་སི་ཐན་གྱི་གནད་དོན་དེ“རྒྱལ་ཁབ་གཉིས་ཀྱི་ཇུས་གཞི”དོན་འཁྱོལ་བྱེད་པའི་རྨང་གཞིའི་ཐོག ཁྱོན་ཡོངས་དང་། གཞུང་དྲང་། ཡུན་རིང་བཅས་ཀྱི་སྒོ་ནས་ཐག་གཅོད་ཐུབ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
གྲོས་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཐུན་མོང་ཐོག་འབྱུང་འཕྲོད་ཐཱན་ཉུང་འཕེལ་རྒྱས་དང་མ་འཇོག་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཡིག་ཆ་མང་པོར་མིང་རྟགས་བཀོད་ནས་བདེན་དཔང་གནང་བ་རེད།
ཕྱོགས་གཉིས་པོས《འཐབ་ཇུས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐུ་ནི་སི་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད།
གྲོས་མོལ་མ་གནང་གོང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་སྲིད་འཛིན་སའེ་དབྱི་ཏེ་དང་སྐུ་ཟླ་དབྱི་ཧྲི་ལ་ཧྥུ་རྣམ་གཉིས་ལ་དགའ་བསུ་ཞུ་བའི་མཛད་སྒོ་གཉེར་བ་རེད།
སའེ་དབྱི་ཏེ་འབྱོར་སྐབས། གུས་ཞབས་དམག་མིས་གྲལ་བསྒྲིགས་ནས་གུས་འདུད་ཞུས་པ་རེད།རྒྱལ་ཁབ་གཉིས་པོའི་གཙོ་བདག་ཞིབ་བཤེར་སྟེགས་བུའི་ཐོག་ཕེབས་ཤིང་། དམག་དཔུང་རོལ་དབྱངས་ཚོགས་པས་ཀྲུང་ཐུ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ཞིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་གུས་ལུགས་མེ་སྒྱོགས་21བརྒྱབ་པ་རེད། སའེ་དབྱི་ཏེ་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིགས་ཞིབ་གནང་བ་དང་རྣམ་འབྱེད་རུ་བསྟར་ལ་གཟིགས་པ་རེད།
ཉིན་དེའི་ཉིན་གུང་། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་གྱི་ཚོམས་ཆེན་དུ་སའེ་དབྱི་ཏེ་སྐུ་ཟླ་རྣམ་གཉིས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས་པ་རེད།
ཝང་དབྱི་གོང་གསལ་བྱེད་སྒོར་ཞུཊ་པ་རེད།
(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社