ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཁྱིམ་སྡོད་དང་སྡེ་ཁུལ་གྱི་གཞི་རྩའི་རྒན་གསོའི་ཞབས་ཞུ་སྣ་མང་ཅན་དང་རིག་ནུས་ཅན་གྱི་ཆུ་ཚད་ལེགས་སུ་གཏོང་བར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་། ནུས་ཤོར་དང་ཕྱེད་ནུས་ཤོར་བའི་རྒན་རྒོན་གྱི་ཆེད་ལས་ལྟ་སྐྱོང་ཞབས་ཞུའི་ནུས་པ་དང་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་ཆེད། ད་ལོ་ནས་བཟུང་། ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས་རྒྱལ་ཁབ་ཀྱི་རིག་ནུས་རྒན་གསོའི་ཞབས་ཞུའི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱ་ཐབས་བརྒྱུད་ནས་རིག་ནུས་རྒན་གསོའི་ཞབས་ཞུའི་འཆར་གཞི་ཁྱབ་གདལ་བཏང་ནས་རྒན་རྒོན་གྱི་རྒན་གསོའི་དགོས་མཁོ་དེ་བས་ལེགས་པའི་སྒོ་ནས་སྐོང་ཐབས་བྱ་རྒྱུ་ཡིན་པ་རེད།
ཁྲེང་ཀོན་ཆུས་ཀུན་བདེ་གླིང་ཁྲོམ་གཞུང་ཞོལ་སྡེ་ཁུལ་གྱི་ལོ་62ལ་སླེབས་པའི་རྒན་རྒོན་ཉི་མ་ལགས་ནི་དབང་པོ་སྐྱོན་ཅན་ཡིན་པ་དང་། འཁྲིས་སུ་ལྟ་རྟོག་བྱེད་མཁན་གྱི་བུ་ཕྲུག་མེད་པ་རེད། གསར་འགོད་པ་བགྲེས་སོང་ཉི་མ་ལགས་ཀྱི་ཁྱིམ་དུ་སླེབས་དུས། ཁོང་ནི་ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས་སྒྲིག་སྦྱོར་བྱས་པའི་ནད་གཡོག་ཉལ་ཁྲིའི་ཐོག་ཉལ་ནས་གསོ་རླུང་རྔུབ་བཞིན་ཡོད། ཁྱིམ་དུ་ད་དུང་གློག་མིག་དང་། སྐད་འབོད་ཡོ་ཆས། ལུས་པོའི་ཚོར་ཤེས་དཔྱད་ལེན་ཡོ་ཆས་སོགས་རིག་ནུས་ཅན་གྱི་ཞབས་ཞུའི་སྒྲིག་ཆས་མང་པོ་བསྒར་ཡོད་ཅིང་། ཞབས་ཞུའི་སྒྲིག་གཞིའི་མི་སྣས་ལྟ་སྐྱོང་འཆར་གཞི་དང་ཞབས་ཞུའི་གྲོས་མཐུན་གཞིར་བཟུང་ནས་ཁྱིམ་དུ་བསྐྱོད་དེ་ཞབས་ཞུ་སྒྲུབ་བཞིན་ཡོད་པར་མ་ཟད་ཁོང་ལ་སྒྲིག་ཆས་བེད་སྤྱོད་བྱེད་སྟངས་སོགས་ངང་རྒྱུད་རིང་པོའི་སྒོ་ནས་སློབ་བཞིན་ཡོད།
ཉི་མས་ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས་ང་ལ་ནད་གཡོག་ཉལ་ཁྲི་དང་། གློག་མིག གསོ་རླུང་འཕྲུལ་ཆས་སོགས་གནང་བར་མ་ཟད། གཅིག་པུར་སྡོད་པའི་རྒན་རྒོན་ང་ལ་ལྟ་སྐྱོང་གི་ཞབས་ཞུ་གང་ལེགས་ཞུས་པས་ངས་ཏང་དང་རྒྱལ་ཁབ་ཀྱིས་རྒན་རྒོན་ལ་ལྟ་སྐྱོང་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད་པ་རེད།
དེ་རྗེས། གསར་འགོད་པ་སྐྱིད་རས་ཁྲོམ་གཞུང་སྦྲ་ནག་ཞོལ་སྡེ་ཁུལ་གྱི་རྒན་རྒོན་འཕྲིན་ལས་ལཊ་ཀྱི་ཁྱིམ་དུ་སླེབས་པ་རེད། འཕྲིན་ལས་ལཊ་ཀྱི་བཟའ་ཟླ་ད་ལྟ་ལོ་76ལ་སླེབས་ཡོད་པ་དང་། གོམ་པ་ཡག་པོ་སྤོ་ཐུབ་ཀྱི་མེད་པས་ཁྱིམ་དུ་སྐད་འབོད་ཡོ་ཆས་དང་། འབར་རླངས་ཉེན་བརྡའི་ཡོ་ཆས། ཆུ་ཤོར་ཉེན་བརྡའི་ཡོ་ཆས་སོགས་རིག་ནུས་ཞབས་ཞུའི་སྒྲིག་ཆས་མང་པོ་སྒྲིག་སྦྱོར་བྱས་ནས་ཁོ་ཚོ་ཁྱིམ་དུ་སྡོད་སྐབས་སྟབས་བདེ་ཅན་དང་ཆེད་ལས་ཅན་གྱི་ལྟ་སྐྱོང་ཞབས་ཞུ་ལོངས་སྤྱོད་ཐུབ་པར་བྱས་པས་རྒན་རྒོན་ཚོའི་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།
འཕྲིན་ལས་ཀྱིས་ང་ཚོ་ལོ་ན་རྒས་པ་དང་། བུ་ཕྲུག་ཀྱང་འཁྲིས་སུ་མེད་པས་སྲིད་གཞུང་གི་རིག་ནུས་རྒན་གསོའི་སྒྲིག་ཆས་མང་པོ་བསྒར་ནས་ང་ཚོའི་འཚོ་བར་སྟབས་བདེ་བསྐྲུན་པ་དང་བེད་སྤྱོད་ཀྱང་གཏོང་བདེ་པོ་འདུག དེ་དག་ཚང་མ་ཏང་གི་སྲིད་ཇུས་བཟང་པོའི་དྲིན་ལས་བྱུང་བ་ཞིག་ཡིན་པས་ང་ཚོས་ཏང་གི་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་རྒྱུ་ཡིན་ཞེས་བཤད་པ་རེད།
མིག་སྔར་ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱིས་ཁྲོམ་གཞུང་སྡེ་ཁུལ་ཁག་གི་ནུས་ཤོར་དང་ཕྱེད་ནུས་ཤོར་བའི་ལོ་60ཡན་ཟིན་པའི་ཁ་བྲལ་རང་བཞིན་གྱི་དཀའ་ངལ་ཡོད་པའི་རྒན་རྒོན་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐོའི་འཚོ་བའི་འགན་སྲུང་ཁྱིམ་ཚང་གི་རྒན་རྒོན། རྒན་རྒོན་མི་ཧྲེང་། ལོ་80ཡན་གྱི་རྒན་རྒོན་སོགས་ཀྱི་ཁྱིམ་ཚང་ལྔ་བཅུར་རང་སོའི་དགོས་མཁོ་ལྟར་དེ་མཚུངས་ཀྱི་རིག་ནུས་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་དང་འབྲེལ་ཚང་མ་ཁྱིམ་ཚང་རྒན་གསོའི་ཞབས་ཞུའི་དོ་དམ་སྟེགས་བུ་དང་རིག་ནུས་རྒན་གསོའི་སྟེགས་བུར་འབྲེལ་མཐུད་བྱས་ནས་ཉིན་མཚན་ལྟོས་མེད་ཀྱིས་རིག་ནུས་ལ་བརྟེན་ནས་ཁྱིམ་སྡོད་གནས་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ་རྒན་རྒོན་གྱི་ཁྱིམ་སྡོད་བདེ་འཇགས་ལྟ་ཞིབ་ཚད་ལེན་གྱི་ཞབས་ཞུ་ཁྱོན་ཡོངས་ལ་ཁྱབ་ཐུབ་པར་བྱས་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། རྣམ་གྲངས་དེ་ལག་བསྟར་བྱས་པ་ནས་བཟུང་། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ཕྱོགས་གསུམ་པའི་མ་ལག་བརྒྱུད་ནས་རྒན་རྒོན་ཞབས་ཞུའི་གཞི་རྩའི་ཆ་འཕྲིན་དང་། ཞབས་ཞུའི་ནང་དོན། ཞབས་ཞུའི་པར་རིས་སོགས་ཆ་འཕྲིན་ཕབ་འཇུག་བྱས་ཏེ་དྲ་ཐོག་དང་དྲ་འོག་ཏུ་དུས་གཅིག་ཏུ་ལྟ་སྐུལ་དོ་དམ་བྱེད་པའི་བྱ་ཐབས་སྤྱད་དེ་གྲངས་གཞི་དང་མ་དངུལ་ཞབས་ཞུའི་རྗེས་སུ་འབྲངས་པ་མངོན་འགྱུར་བྱུང་ནས་རྒན་གསོའི་ཞབས་ཞུའི་སྒྲིག་གཞིའི་དོ་དམ་མ་གནས་དམའ་རུ་ནུས་ལྡན་ཕྱིན་ཡོད་པ་རེད།
ཁྲེང་ཀོན་ཆུས་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཞུའེ་མེ་ཡིས་ཕྱིས་འབྱུང་ང་ཚོའི་ཅུས་ཀྱིས་རྒན་རྒོན་ལ་འཚམ་པའི་སྒྱུར་བཀོད་བྱེད་འགོ་བཙུགས་ནས་རྒན་རྒོན་གྱི་འཚོ་སྡོད་ལ་འཚམ་པའི་ཁོར་ཡུག་ཧུར་ཐག་བསྐྲུན་ཏེ་དེ་བས་ལེགས་ལ་ནུས་པ་ཆེ་བའི་རྒན་གསོའི་ཞབས་ཞུ་མཁོ་འདོན་བྱས་ནས་རྒན་རྒོན་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社