分享按钮

(པར་ངོས་དང་པོར་མཐུད)རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་མཉམ་ལས་དེ་ཐིག་དམར་ཀུའེ་ནེ་ཡ《2035རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད》དང་འབྲེལ་མཐུད་དམ་ཟབ་བྱས་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྟོབས་ཤུགས་ལྡན་པའི་ཀྲུང་གོའི་ཁེ་ལས་ཐིག་དམར་ཀུའེ་ནེ་ཡ་ལ་མ་འཇོག་བྱ་རྒྱུར་སྐུལ་མ་གཏོང་རྒྱུ་དང་ཐིག་དམར་ཀུའེ་ནེ་ཡ་དང་ཞིང་ལས་དང་གྲོང་གསེབ་ཁྱབ་ཁོངས་འཕེལ་རྒྱས་ཀྱི་ཉམས་མྱོང་མཉམ་སྤྱོད་དང་།ཞིང་ལས་ཀྱི་ལག་རྩལ་རོགས་སྐྱོར་རྣམ་གྲངས་མུ་མཐུད་སྤེལ་བ།ཀྲུང་གོའི་སྨན་བཅོས་རུ་ཁག་དང་ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡ་མཛའ་གྲོགས་སྨན་ཁང་སོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ཏེ་སྨན་བཅོས་འཕྲོད་བསྟེན་དང་། སློབ་གསོ། རིག་གནས་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་གཉིས་པོའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་འཛིན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ལེགས་པ་བསྐྲུན་འདོད་ཡོད་ཅེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་དེང་སྐབས་འཛམ་གླིང་ཟང་ཟིང་དང་འགྱུར་ལྡོག་གནས་པ་དང་ལོ་བརྒྱའི་དུས་བབ་འགྱུར་ལྡོག་མྱུར་པོ་འགྲོ་བཞིན་ཡོད་པས། མིའི་རིགས་ཀྱི་སྤྱི་ཚོགས་ལ་སྔར་བྱུང་མྱོང་མེད་པའི་འགྲན་སློང་འཕྲད་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་ཐད་དེ་སྔའི་དུས་གང་ཞིག་ལས་ཀྱང་ལྷག་པའི་ཤུགས་སྣོན་རྒྱག་དགོས་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐིག་དམར་ཀུའེ་ནེ་ཡ་སོགས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཉམ་དུ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔའི་དགོངས་དོན་དར་སྤེལ་བཏང་ནས་རྒྱལ་སྤྱིའི་ལས་དོན་ཁྲོད་མཐུན་སྦྱོར་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་དང་རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྲུང་སྐྱོང་བྱས་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། གླིང་ཆེན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་དང་མཐུན་སྒྲིལ་དང་མཉམ་ལས་འཕེལ་རྒྱས་གཏོང་རྒྱུ་ནི་ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་རྡོ་གལ་ཆེན་ཞིག་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁ་ཕྱོགས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དབུ་ཚོགས་སྐབས་གསར་པ་ཡག་པོ་གཉེར་ནས་སྲོལ་རྒྱུན་མཛའ་གྲོགས་སྔར་བས་དར་སྤེལ་གཏོང་རྒྱུ་དང་། མཐུན་སྒྲིལ་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ། འབྱུང་འགྱུར་གྱི་འཕེལ་རྒྱས་དང་མཉམ་ལས་ཀྱི་ཇུས་ཆེན་ཐུན་མོང་ཐོག་གྲོས་མོལ་བཅས་བྱས་ཏེ་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་དབང་གཅིག་མཐུན་ཚོགས་པའི་ལེའུ་གསར་པའི་འགོ་རྩོམ་འདོད་ཡོད་ཅེས་ནན་གསུངས་གནང་བ་རེད།

ཨའོ་པི་ཨང་གིས་ཀྲུང་གོ་ནི་རླབས་ཆེན་གྱི་ཤར་ཕྱོགས་རྒྱལ་ཁབ་ཅིག་དང་ཐིག་དམར་ཀུའེ་ནེ་ཡ་སྤུན་ཟླ་བཟང་པོ་དང་བློས་འགེལ་ཆོག་པའི་འཐབ་ཇུས་རོཊ་ཟླ་ཞིག་རེད།རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་54སོང་རིང་ཕྱོགས་གཉིས་པོའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་མཛའ་གྲོགས་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་ནས་མིག་སྔར་ལོ་རྒྱུས་ཀྱི་དུས་སྐབས་ཡག་ཤོས་སུ་སླེབས་ཡོད། ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡ་དབར་གྱི་མཉམ་ལས་ནི་ཐོག་མཐའ་བར་གསུམ་དུ་འདྲ་མཉམ་དང་ཕན་ཚུན་བརྩི་འཇོག་ལ་གཞིགས་ནས་གཞན་ལ་བཙན་སྐུལ་གཏན་ནས་བྱེད་ཀྱི་མེད། ཀྲུང་གོས་ཨ་ཧྥེ་རི་ཁར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་དང་རོགས་རམ་བྱས་ནས་བསྐྲུན་པའི་ཀྲུང་གོ་དང་ཐིག་དམར་དང་ཀུའེ་ནེ་ཡའི་མཛའ་གྲོགས་སྨན་ཁང་སོགས་རྣམ་གྲངས་གལ་ཆེན་གྱིས་ས་གནས་དེ་གའི་མི་དམངས་ལ་བདེ་སྐྱིད་བསྐྲུན་ནས་ཨ་ཧྥེ་རི་ཁ་དང་ཀྲུང་གོའི་མཛའ་གྲོགས་ཀྱི་མཚོན་རྟགས་སུ་གྱུར་ཡོད། ཐིག་དམར་ཀུའེ་ནེ་ཡས་ཀྲུང་གོར་སྒོ་མོ་ཕྱེ་ནས་ཀྲུང་གོའི་ཁེ་ལས་ཐིག་དམར་ཀུའེ་ནེ་ཡར་མ་འཇོག་མཉམ་ལས་བྱེད་པར་ཕེབས་པར་དགའ་བསུ་ཞུ་རྒྱུ་དང་། ཐིག་དམར་ཀུའེ་ནེ་ཡར་དཔལ་འབྱོར་སྣ་མང་ཅན་དང་བཟོ་ལས་ཅན་མངོན་འགྱུར་ཡོང་བར་རོགས་རམ་བྱས་ཏེ་རྒྱལ་ཁབ་ཡུན་རིང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་རོགས་རམ་བྱ་རྒྱུ་ཡིན། ཞི་ཅིན་ཕིང་གིས་བཏོན་གནང་བའི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་དང་།རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན། དེ་བཞིན་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་བཅས་ནི་མིའི་རིགས་ཞི་བདེ་དང་ཡར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་དེ་བས་མཛེས་སྡུག་ལྡན་པའི་འཛམ་གླིང་གཏོད་རྒྱུར་ཕན་ཐོཊ་ཡོད། ཐིག་དམར་ཀུའེ་ནེ་ཡ་ཡིས་ཀྲུང་གོ་ཕྱོགས་ཀྱིས་ཆབ་སྲིད་ཐོག་ནས་ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་འབད་བརྩོན་ཧུར་ཐག་བྱས་པར་ཐིག་དམར་ཀུའེ་ནེ་ཡས་ཚད་མཐོའི་གདེང་འཇོག་བྱས་ནས་ཀྲུང་གོ་ཕྱོགས་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་དང་འབོ་གསེར་རྒྱལ་ཁབ་སོགས་སྒྲིག་ཁོངས་ནང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཐིག་དམར་ཀུའེ་ནེ་ཡས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ཀྱིས་ལག་ལེན་བསྟར་ནས་འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་། ཐའེ་ཝན་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཁ་འབྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ནི་ཀྲུང་གོ་ཡོངས་ཀྱི་ཚབ་བྱེད་པའི་ཁྲིམས་མཐུན་སྲིད་གཞུང་གཅིག་པུ་ཡིན་པའི་ངོས་འཛིན་བྱས་ནས་ཐའེ་ཝན་རང་བཙན་རྣམ་པ་གང་རུང་ལ་ངོ་རྒོལ་བྱེད་པ་དང་། ཀྲུང་གོ་སྲིད་གཞུང་གིས་རྒྱལ་ཁབ་གཅིག་གྱུར་ཡོང་བར་འབད་འཐབ་བྱེད་པར་བློ་བརྟན་འགྱུར་མེད་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།

མཇལ་མོལ་གནང་གྲུབ་རྗེས། རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་མ་འཇོག་དང་། དཔལ་འབྱོར་འཕེལ་རྒྱས། གྲངས་གཞིའི་དཔལ་འབྱོར། འབྱུང་འཕྲོད་འཕེལ་རྒྱས། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་སོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་ཡིག་ཆ་མང་པོ་ཞིག་ལ་ཐུན་མོང་ཐོག་མཆན་བཀོད་གནང་བ་རེད།

ཕྱོགས་གཉིས་པོས《ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཐིག་དམར་ཀུའེ་ནེ་ཡའི་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་ཡོད།

མཇལ་མོལ་མ་གནང་གོང་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་གྱིས་མི་དམངས་ཚོགས་ཁང་ཆེ་མོའི་ཤར་སྒོའི་ཕྱི་རོལ་གྱི་ཐང་ཆེན་དུ་ཨའོ་པི་ཨང་དང་སྐུ་ཟླ་ཁང་སི་ཐན་ཤིས་ཡར་ཕེབས་བསུ་ཞུས་པའི་མཛད་སྒོ་འཚོགས་པ་རེད།

ཨའོ་པི་ཨང་འབྱོར་སྐབས་གཟབ་སྦྲེང་རུ་ཁག་གིས་གྲལ་སྒྲིག་ནས་གུས་འདུད་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ཞིབ་བཤེར་སྟེགས་བུའི་ཐོག་ཕེབས་ཤིང་། དམག་དཔུང་རོལ་དབྱངས་ཚོགས་པས་ཀྲུང་གོ་དང་ཐིག་དམར་ཀུའེ་ནེ་ཡ་རྒྱལ་ཁབ་གཉིས་ཀྱི་རྒྱལ་གླུ་དཀྲོལ་ཞིང་གནམ་བདེ་སྒོ་མོ་ཐང་ཆེན་དུ་གུས་ལུགས་མཚོན་པའི་མེ་སྒྱོགས་ཐེངས་21བརྒྱབ་པ་རེད། ཨའོ་པི་ཨང་གིས་ཞི་ཅིན་ཕིང་གི་ཕེབས་རོགས་འོག་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་གཟབ་སྦྲེང་རུ་ཁག་ལ་གཟིཊ་ཞིབ་གནང་བ་དང་འབྲེལ་དབྱེ་འབྱེད་རྣམ་པར་གཟིགས་ཞིབ་ཀྱང་གནང་བ་རེད།

ཉིན་དེའི་དགོང་མོར། ཞི་ཅིན་ཕིང་དང་ཕེང་ལི་ཡོན་སྟངས་དཔྱལ་རྣམ་གཉིས་ཀྱིས་མི་དམངས་ཚོགས་ཁང་ཆེན་མོའི་གསེར་མདོག་ཚོམས་ཆེན་དུ་ཨའོ་པི་ཨང་སྟངས་དཔྱལ་རྣམ་གཉིས་ལ་དགའ་བསུའི་གསོལ་སྟོན་བཤམས་གནང་བ་རེད།

ཝང་དབྱི་གོང་གསལ་བྱེད་སྒོར་ཞུགས་གནང་བ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-30 6 6 拉萨日报藏文 c181760.html 1 /enpproperty-->