ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། བརྒྱད་གཅིག་ཁྲོམ་གཞུང་གིས“ངའི་ནུས་པ་ངའི་བསམ་ཡུལ་ལས་འདས་སོང”ཞེས་པ་གཙོ་དོན་དུ་བྱས་པའི་སྡེ་ཁུལ་བཅོས་སྐྱོང་གི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་འགྲེམས་སྟོན་བྱས་པ་དང་། སྡེ་ཁུལ་ཁག་གི་དྲ་མིག་ལས་དོན་པས་རི་མོ་དང་ཡི་གེ་སྣ་ཚོགས་མཉམ་དུ་ཡོད་པའི་PPTབེད་སྤྱད་དེ།སྡེ་ཁུལ་དུ་ལས་དོན་བསྒྲུབས་པའི་ཁྲོད་ཀྱི་རང་ཉིད་ཀྱི་གྲུབ་འབྲས་དང་འགྱུར་ལྡོག་གསོན་ཉམས་ལྡན་པའི་སྒོ་ནས་མངོན་པར་བྱས་པ་རེད།
བྱེད་སྒོའི་ཁྲོད། བརྒྱད་གཅིག་ཁྲོམ་གཞུང་སྡེ་ཁུལ་གྱི་དྲ་མིག་ལས་དོན་པ་10ཡིས་དོན་དག་དངོས་བརྒྱུད་ནས་མང་ཚོགས་ཀྱི་འཕྲད་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་འདུམ་འགྲིག་བྱས་པའི་ཐད་ཁོང་ཚོའི་ཆེད་ལས་ཀྱི་ནུས་པ་འདོན་སྤེལ་བྱས་པ་མངོན་པར་བྱས་པ་རེད། དུས་མཚུངས་སུ་བྱེ་བྲག་གི་དཔེ་མཚོན་དང་ཟུང་འབྲེལ་བྱས་ནས་སྡེ་ཁུལ་གྱི་གཞི་རིམ་བཅོས་སྐྱོང་གི་བརྒྱུད་རིམ་ཁྲོད་འཕྲད་པའི་གནད་དོན་སྣ་ཚོགས་དང་དེ་བཞིན་ཁོང་ཚོས་ངང་རྒྱུད་རིང་པོའི་སྒོ་ནས་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་དང་། འདུམ་འགྲིག་ཞིབ་ཚགས་བྱེད་པ། ཐག་གཅོད་འོས་འཚམ་བྱེད་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་གསོན་ཉམས་དོད་པོའི་ངང་བརྗོད་ནས་སྡོད་དམངས་མང་པོའི་དབར་གྱི་འགལ་བ་དང་རྩོད་གཞི་སེལ་བ་སོགས་ཀྱི་ལས་དོན་གྱི་གྲུབ་འབྲས་འགྲེམས་སྟོན་བྱས་པ་རེད།
བརྒྱད་གཅིག་ཁྲོམ་གཞུང་གི་དྲ་མིག་ལས་དོན་པ་བདེ་སྐྱིད་མཚོ་མོ་ཡིས་བྱེད་སྒོ་དེ་རིགས་སྤེལ་ཚེ་གྲོང་མི་དང་ཕན་ཚུན་ཤེས་རྟོགས་བྱེད་པའི་ནུས་པ་ཐོན་ཐུབ་ལ་སྡེ་ཁུལ་དང་མང་ཚོགས་དབར་གྱི་བརྩེ་དུང་ཟབ་ཏུ་འགྲོ་ཐུབ། སླད་ཕྱིན་གྱི་ལས་དོན་ཁྲོད་ངས་རང་གི་ལས་ཀར་དམིགས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དང་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ལས་དོན་ལ་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
དྲ་མིག་ལས་དོན་པ་རྣམས་ནི་བཅོས་སྐྱོང་བྱེད་མཁན་ཡིན་པ་མ་ཟད། སྡེ་ཁུལ་གྱི་གྲོང་མིར་སེམས་ཁུར་བྱེད་མཁན་ཞིག་ཡིན། ཁོང་ཚོས་སེམས་ཤུགས་ཆེན་པོའི་སྒོ་ནས་མང་ཚོགས་ཀྱི་བསམ་འཆར་ལ་ཉན་པ་དང་།འབྲེལ་གཏུག་ཧུར་ཐག་བྱས་ནས་སྡེ་ཁུལ་གྱི་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་ནུས་ལྡན་ཐུབ་པས་གྲོང་མིའི་ཡིད་ཆེས་དང་བསྔགས་བརྗོད་རྒྱ་ཁྱབ་ཏུ་ཐོབ་ཡོད། དུས་མཚམས་རང་བཞིན་གྱི་གྲུབ་འབྲས་འགྲེམས་སྟོན་བྱས་པ་བརྒྱུད། སྡེ་ཁུལ་དོ་དམ་གྱི་ཉམས་མྱོང་སྤེལ་རེས་གང་ལེགས་ཐུབ་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་ལས་དོན་ལ་སྒུལ་ཤུགས་གསར་པ་བསྣན་ཡོད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社