分享按钮

དོག་སྡེ་ཁྲོམ་གཞུང་གིས་ཁོར་ཡུག་འཕྲོད་བསྟེན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྔར་བས་གཙང་ཞིང་གྲལ་འགྲིག་པའི་ཁོར་ཡུག་ཅིག་བཏོད་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་ལས་དོན་སྤེལ་ཤུགས་མུ་མཐུད་མཐོ་རུ་གཏོང་ཆེད།ཉེ་ཆར། དོག་སྡེ་ཁྲོམ་གཞུང་གུང་གཞོན་སྡེ་ཚོགས་ལས་དོན་ཨུ་ལྷན་གྱིས་དོག་སྡེ་ཁྲོམ་གཞུང“ལས་དོན་ཨུ་ཡོན་ལྷན་ཁང”གི་ཁོངས་གཏོགས་ཚན་པ་སྟེ་བོད་ལྗོངས་ཉེན་རྟོག་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་དང་མཉམ་འབྲེལ་བྱས་ནས་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་རེད། ཉེན་རྟོག་སློབ་གྲྭའི་སློབ་མ་དང་། དོག་སྡེ་ཁྲོམ་གཞུང་གུང་གཞོན་སྡེ་ཚོགས་ལས་དོན་ཨུ་ལྷན་གྱི་ལས་དོན་པ། གྲོང་ཚོ་ཁག་གི་སྡེ་ཁུལ་ལས་དོན་པ་སོགས་ཁྱོན་མི་500ལྷག་ཙམ་བྱེད་སྒོར་ཞུགས་པ་རེད།

བྱེད་སྒོ་སྤེལ་ཡུལ་དུ་དང་བླངས་པ་ཚོས་ལུས་ལ་སྟོད་གོས་དམར་པོ་གྱོན་ནས་སྐམ་པ་དང་། ལྕགས་ཀྱུ། གད་གཞོང་སོགས་ཁྱེར་ཏེ།ཁོངས་གཏོགས་ཁུལ་གྱི་ཡུར་བུའི་ནང་གཡེང་བའི་ལྕང་མའི་ཡལ་ག་དང་ལོ་མ་རུལ་བ་སོགས་བསྒྲུགས་པ་དང་།བཙོག་པར་མི་འཛེམ་པ་དང་ངལ་དུབ་ལ་མི་སྐྲག་པའི་སྙིང་སྟོབས་དར་སྤེལ་བཏང་ནས་མཐའ་འཁོར་དུ་མཛེས་སྡུག་ལྡན་པའི་ཁོར་ཡུག་ཅིག་བཏོད་ཡོད།

ད་ཐེངས་ཀྱི་བྱེད་སྒོའི་ནང་ཆུ་ཡུར་དང་དེ་བཞིན་མཐའ་འཁོར་གྱི་འགྲོ་ལམ་སྤྱི་ལེ་15ཙམ་ལ་གཙང་སེལ་བྱས་པ་དང་།དང་བླངས་པ་ཚོས་མུ་ཡུམ་གཙང་པོར་སྲུང་སྐྱོང་བྱ་རྒྱུ་ནི་མི་ཚང་མའི་འགན་འཁྲི་དང་འོས་འགན་ཞིག་ཡིན་པས་དང་བླངས་ཞབས་ཞུའི་སྙིང་སྟོབས་དར་སྤེལ་གང་ལེགས་བཏང་སྟེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཚང་མས་ཉེ་འགྲམ་གྱི་གཙང་པོ་སྲུང་མཁན་བྱས་ནས་ཐུན་མོང་ཐོག་སྔོ་ལྗང་གི་ཁྱིམ་གཞིས་ལ་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

ཁྲེང་ཀོན་ཆུས་དོག་སྡེ་ཁྲོམ་གཞུང་གི་སྡེ་ཁུལ་ལས་དོན་པ་བསྟན་འཛིན་བྱམས་པས་དེ་རིང་དོག་སྡེ་ཁྲོམ་གཞུང་གིས་སྡེ་ཁུལ་གྱི་ལས་དོན་པ་ཡོངས་སྒྲིག་འཛུགས་བྱས་ནས་སྤེལ་བའི་དང་བླངས་ཞབས་ཞུའི་བྱེད་སྒོར་རང་ཉིད་ཞུགས་ཐུབ་པར་དགའ་ཚོར་ཆེན་པོ་སྐྱེས་བྱུང་ལ།བྱེད་སྒོ་དེ་ནི་དོན་སྙིང་ཆེན་པོ་ལྡན་པའི་བྱེད་སྒོ་ཞིག་རེད།ཕྱིས་འབྱུང་།ངས་སྤྱི་ཚོགས་ལས་དོན་པ་ཡོངས་དང་མཉམ་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་ལས་དོན་ཐོག་མཐའ་བར་གསུམ་དུ་ལག་བསྟར་བྱས་ཏེ།དོག་སྡེ་ཁྲོམ་གཞུང་དུ་གཙང་ཞིང་མཛེས་པའི་ཁོར་ཡུག་ཅིག་མུ་མཐུད་གཏོད་རྒྱུ་ཡིན་ཞེས་བཤད།

ཐེངས་འདིའི་དང་བླངས་ཞབས་ཞུའི་བྱེད་སྒོའི་ཁྲོད།ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་ལས་དོན་དེ་དམ་འཛིན་བྱ་གཞིར་བྱས་ཏེ། “ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ”ཅེས་པ་དོན་ཐོག་ཏུ་འཁྱོལ་བར་བྱས་པ་དང་།ཁོངས་གཏོགས་ཁུལ་གྱི་ཁོར་ཡུག་འཕྲོད་བསྟེན་གྱི་རྣམ་པ་ལེགས་སུ་བཏང་བར་མ་ཟད། ཁྲོམ་གཞུང་གི“ལས་དོན་ཨུ་ཡོན་ལྷན་ཁང”གི་ཁོངས་གཏོགས་ཚན་པའི་འབྲེལ་གཏུག་མཉམ་ལས་ཐད་ལ་ཡང་སྐུལ་མ་ཆེན་པོ་ཐེབས་ཡོད།ཕྱིས་འབྱུང་།དོག་སྡེ་ཁྲོམ་གཞུང་གུང་གཞོན་སྡེ་ཚོགས་ལས་དོན་ཨུ་ལྷན་གྱིས་གུང་གཞོན་སྡེ་ཚོགས་ཀྱི་ལས་ཀ་མུ་མཐུད་ལེགས་པར་བསྒྲུབས་ནས་གཞོན་ནུའི་འཕྲལ་རྒོལ་རུ་ཁག་གི་ནུས་པ་འདོན་སྤེལ་ལེགས་པར་བྱ་རྒྱུ་དང་།ངར་ཤུགས་འཕེལ་བའི་ལང་ཚོར་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་གསར་པར་རྒྱུན་ཆད་མེད་པར་སྐུལ་སློང་བྱ་རྒྱུ་མ་ཟད། གུང་གཞོན་སྡེ་ཚོགས་ཀྱི་ཁོངས་མིས་དུས་རབས་ཀྱི་མདུན་གྲལ་དུ་བསྐྱོད་པའི་མདུན་སྐྱོད་པ་དང་། གསར་གཏོད་པ། ལག་ལེན་པ། ལེགས་སྐྱེས་འབུལ་མཁན་བཅས་བྱས་ནས་རང་འགུལ་ངང་འབྲེལ་མཐུད་དང་འབྲེལ་གཏུག་ཧུར་ཐག་བྱས་ཏེ།སློབ་གྲྭ་དང་ས་གནས་མཉམ་འགུལ་ལ་མུ་མཐུད་ཤུགས་སྣོན་རྒྱག་པ་དང་། ཞི་མཐུན་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་བར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-29 6 6 拉萨日报藏文 c181741.html 1 དོག་སྡེ་ཁྲོམ་གཞུང་གིས་ཁོར་ཡུག་འཕྲོད་བསྟེན་གྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ། /enpproperty-->