ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། “སློབ་སྦྱོང་གཏིང་ཟབ་བྱས་ནས་ཕུལ་བྱུང་བརྩོན་ལེན་དང་། སྔོན་ཐོན་བརྩོན་ལེན་བྱེད་ཕོད་པ། ལས་དོན་དངོས་བསྒྲུབས་ནས་ཕན་འབྲས་བརྩོན་ལེན་བྱེད་པ་ཞེས་པའི་ལས་དོན་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ནས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་ཆེད། ཉེ་ཆར་གླིང་ཆུང་སྡེ་ཁུལ་གྱིས“ང་ཡི་དྲ་མིག་ང་ཡིས་གླེང”ཞེས་པའི་གཏམ་བཤད་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་ཡུལ་དུ་གླིང་ཆུང་སྡེ་ཁུལ་གྱི་དྲ་མིག་ལས་དོན་པ་6གིས་གཏམ་བཤད་ཀྱི་གཙོ་དོན་ལ་དམིགས་ནས་རི་མོ་དང་ཡི་གེ་མཉམ་དུ་འདུས་པའི་རྣམ་པའི་ཐོག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་དང་། ཐོན་སྐྱེད་བདེ་འཇགས། གཞི་རིམ་བཅོས་སྐྱོང་སོགས་ཀྱི་ནང་དོན་དང་ཟུང་འབྲེལ་བྱས་ཏེ་གོ་བདེ་ཞིང་ཤེས་སླ་བའི་སྐད་ཆ་དང་གསོན་ཉམས་ལྡན་པའི་དཔེ་མཚོན་ཐོག་ནས་དྲ་མིག་གི་གཏམ་རྒྱུད་བརྗོད་པ་དང་དྲ་མིག་ལས་དོན་པའི་དམངས་ལ་ཞབས་འདེགས་ཞུ་བའི་འགན་འཁྲི་མཚོན་པར་མ་ཟད། གླིང་ཆུང་སྡེ་ཁུལ་གྱི་དྲ་མིག་དཔུང་ཁག་གི་ཡར་རྒྱས་བརྩོན་ལེན་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱས་ཡོད། གླིང་ཆུང་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་བསྟན་འཛིན་གྱིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་དང་ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་ལས་དོན་པའི་ལས་ཀའི་ནུས་པ་ཆེ་རུ་གཏོང་ཆེད། གླིང་ཆུང་སྡེ་ཁུལ་གྱིས“ང་ཡི་དྲ་མིག་ང་ཡིས་གླེང”ཞེས་པའི་འགྲན་བསྡུར་ཆེན་མོ་སྤེལ་ཏེ་གཞི་རིམ་དྲ་མིག་འཛུགས་སྐྱོང་གི་རྣམ་པ་གསར་པ་གཏོད་གང་ཐུབ་བྱས་ཡོད། ཕྱིས་འབྱུང་ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་དེ་གོ་སྐབས་སུ་བྱས་ནས་དྲ་མིག་ཅན་གྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བའི་བྱེད་སྒོ་རབ་དང་རིམ་པ་མུ་མཐུད་སྤེལ་ཏེ་ནུས་པ་ཆེ་བ་དང་། སྤྱོད་ཚུལ་ལེགས་པ། ལས་ཕྱོད་ཆེ་བ་བཅས་ཀྱི་གཞི་རིམ་གྱི་དྲ་མིག་དཔུང་ཁག་གཏོད་རྒྱུ་ཡིན་ཞེས་བཤད།
འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད།ཞིབ་དཔྱད་པ་ཚོས་གཏམ་བཤད་ཀྱི་གཙོ་དོན་དང་། སྐད་ཆའི་མཚོན་ཚུལ། ཕྱོགས་བསྡུས་ཀྱི་བག་ཆགས། ཡུལ་དངོས་ཀྱི་ཕན་འབྲས་སོགས་ཕྱོགས་མང་པོའི་ཐད་ནས་སྐར་གྲངས་དཔྱད་བསྡུར་བྱས་ཏེ།བྱ་དགའ་ཨང་དང་པོ་1དང་། བྱ་དགའ་ཨང་གཉིས་པ་2 བྱ་དགའ་ཨང་གསུམ་པ་3བཅས་བདམས་པ་རེད། གླིང་ཆུང་སྡེ་ཁུལ་གྱི་དྲ་མིག་ལས་དོན་པ་ཟླ་བ་ཆོས་སྒྲོན་གྱིས་ད་ཐེངས་ཀྱི་གཏམ་བཤད་བྱེད་སྒོའི་ནང་བྱ་དགའ་ཨང་དང་པོ་ཐོབ་པར་ཧ་ཅང་དགའ་པོ་བྱུང་། སླད་ཕྱིན་གྱི་ལས་ཀའི་ཁྲོད་ངས་མུ་མཐུད་གཞི་རིམ་ལས་གནས་ལ་གཞི་ཚུགས་ནས་རང་ཉིད་ཀྱི་ལས་ཀའི་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། དྲ་མིག་ཅན་གྱི་ལས་དོན་དེ་བས་ལེགས་པར་བསྒྲུབས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་ལས་དོན་ལ་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
དྲ་མིག་ཆུང་ཆུང་ཞིག་ལས་དམངས་འཚོ་གཏིང་ཟབ་མཚོན་ཐུབ། “དྲ་མིག”ནང་མང་ཚོགས་ཀྱི་མ་མཐའི་འཚོ་བ་འདུས་ཤིང་། “དྲ་མིག”གིས་མང་ཚོགས་ཀྱི་བསམ་ཚུལ་དང་སེམས་ཁྲལ་ཐག་གཅོད་བྱས་ཡོད། ཕྱིས་འབྱུང་གླིང་ཆུང་སྡེ་ཁུལ་གྱིས་དྲ་མིག་ཅན་གྱི་ཞབས་ཞུའི་དོ་དམ་མ་ལག་མུ་མཐུད་འཐུས་ཚང་དུ་གཏོང་བ་དང་། གཞི་རིམ་གྱི་ཞབས་ཞུའི་ཁྱབ་ཁོངས་རྒྱུན་ཆད་མེད་པར་སྣུར་སྲིང་བྱས་ནས་དྲ་མིག་ཞབས་ཞུའི་ཆུ་ཚད་མཐོ་རུ་ཏན་ཏིག་གཏོང་བ། “དྲ་མིག་ཆུང་ཆུང”ཞིག་གིས་གཞི་རིམ་གྱི“བཅོས་སྐྱོང་ཆེན་མོར”སྐུལ་འདེད་གཏོང་བ། “དུས་བདེའི་གླིང་ཆུང”འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས། གྲོང་མི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་སྔར་བས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社