ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་27ཉིན་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོམས་ཆེན་དུ་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས་ལོ་ལྔའི་རིང་ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱལ་ཡོངས་སྤྱི་བདེ་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཚུལ་ངོ་སྤྲོད་བྱས་པ་རེད།
གསར་འགྱུར་མགྲིན་ཚབ་པ་དང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གི་ཐིང་ཀྲང་གཞོན་པ་ཞེ་ཞང་ཕིང་གིས་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ་རེད།
ཞེ་ཞང་ཕིང་གིས་ལོ་ལྔའི་རིང་རང་ལྗོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་འཇོན་ཐང་ལ་བརྟེན་ནས་ལས་བྱེད་པ་བེད་སྤྱོད་བྱེད་པ་དང་། བྱས་རྗེས་དངོས་ལ་བརྟེན་ནས་དཔའ་བོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་བྱེད་པ་འདེམས་གསོའི་དོ་དམ་ཐད་ཤུགས་སྣོན་བརྒྱབ་སྟེ་གོ་རིམ་ལྡན་པའི་གསོ་སྦྱོང་བྱེད་སྒོ་ཁག་ཐེངས་8600ལྷག་ཙམ་སྤེལ་ནས་དཔུང་ཁག་གི་གསོན་ཤུགས་དང་འཐབ་འཛིང་གི་ནུས་པ་འཕེལ་བར་བྱས་པ་དང་། སྲིད་ཁྲིམས་ལས་དོན་གྱི་སྲོལ་ཡིག་དང་དོན་ཚན་གལ་ཆེན་གྱི་མཛུབ་སྟོན་སྙན་ཞུ་སོགས་ལམ་ལུགས་གཏན་འབེབས་དོན་འཁྱོལ་ནན་པོ་བྱས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། བློས་འགེལ་ཆོག་པ་བཅས་ལ་འགན་ལེན་བྱས་ཡོད་ཅེས་ངོས་སྤྲོད་བྱས་ཡོད།
མཐའ་མཚམས་ཀྱི་བདེ་འཇགས་དོ་དམ་དང་། དྲ་རྒྱའི་བདེ་འཇགས་དོ་དམ། སྤྱི་པའི་བདེ་འཇགས་བཅོས་སྐྱོང་བཅས་ལ་དམ་འཛིན་མཐའ་གཅིག་ཏུ་བྱས་ཏེ“དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་བྱེད་མི་ནུས་པའི”འགན་འཁྲི་འཁུར་སེམས་དེ“བྱ་བ་ཡོད་ཚད་སེམས་ནང་གདེང་ཚོད་ཡོད་པའི”བྱ་སྤྱོད་དུ་འགྱུར་བར་བྱས་པ་དང་། ཚན་རིག་ཅན་གྱི་ལམ་སྲོལ་དང་། རྒྱུན་རྣམ་ཅན། ཁྲིམས་སྐྱོང་ཅན་བཅས་ཀྱི་འདུ་ཤེས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་འདི་ཉིད་རྒྱུན་གཏན་ཅན་དང་གཞི་རིམ་དུ་བསྒྲུབ་ཐུབ་པར་བྱས་ཏེ་རང་ལྗོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ལོ་15རིང་བསྟུད་མར་བདེ་འཇགས་བརྟན་ལྷིང་གི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ལྷག་པར་དུ་གླེང་རིན་ཡོད་པ་ཞིག་ནི་ལྷ་ས་གྲོང་ཁྱེར་འདི་ཉིད་བསྟུད་མར་ཐེངས་7ལ་ཀྲུང་གོའི་སྐྱིད་སྣང་དོད་ཤོས་གྲོང་ཁྱེར་གྱི་མིང་ཐོའི་ནང་ཚུད་ཡོད་པ་རེད།
“དུས་བདེའི་བོད་ལྗོངས”འཛུཊ་སྐྱོང་གཏིང་ཟབ་བྱེད་པ་དང་། ནག་སེལ་གཤེད་འཇོམས་ཀྱི་འཐབ་རྩོད་རྒྱུན་གཏན་ཅན་དུ་འགྱུར་བར་བྱེད་པ། བརྟན་ལྷིང་དང་གོ་རིམ་ལྡན་པའི་ཚོང་གཉེར་གྱི་ཁོར་ཡུག་བསྐྲུན་ཤུཊ་ཆེ་རུ་གཏོང་བ། “དམངས་འཚོའི་ལས་གཞི་ཆེན་པོ་བཅུ”དང“ངས་མང་ཚོཊ་ལ་བྱ་བ་དངོས་སྒྲུབ་པ”སོགས་ཀྱི་བྱེད་སྒོར་སྐུལ་འདེད་གཏིང་ཟབ་གཏོང་བ། སྤྱི་བདེའི་སྲིད་འཛིན་དོ་དམ་ཞབས་ཞུའི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་པས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་ལ་རང་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྣང་ལོ་5རིང་བསྟུད་མར་བརྒྱ་ཆ་99ཡན་ཟིན་པ་དང་འབྲེལ་ལོ་རེ་བཞིན་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱས་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
འབྱུང་ཁམས་ཉེན་རྟོག་ལས་དོན་ལག་བསྟར་བྱས་ནས“ཆུ་དཔོན་དང་མཚེའུ་དཔོན(ནགས་དཔོན)དང་ཉེན་རྟོག་དཔོན”གྱི་ལས་ཀའི་ལམ་སྲོལ་བཙུགས་པ་དང་རྒྱུན་གཏན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། “ཁུན་ལུན”དང་སྐྱེ་དངོས་འབྱུང་ཁམས་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་དང་སྲུང་སྐྱོང་སོགས་ཀྱི་ཆེད་དོན་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་རི་ཆུ་ནགས་ཞིང་དང་། མཚེའུ། རྩྭ་ཐང་། བྱེ་མ། འཁྱཊ་རོམ་སོགསཀྱི“བཟའ་བཅའ་དང་སྨན་རྫས་སྐོར”གྱི་ཁྱབ་ཁོངས་སུ་ཁྲིམས་འགལ་ཉེས་གསོག་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་བཏང་ནས་རང་ལྗོངས་ཀྱི་འབྱུང་ཁམས་དཔལ་ཡོན་འཛུགས་སྐྱོང་དང་ལྷག་པར་དུ་འབྱུང་ཁམས་ལས་གཞི་གལ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ཡོད། 2021ལོ་ནས་བཟུང་ཞིབ་བཤེར་ཚོགས་ཆུང་1400ལྷག་ཙམ་མངགས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་1100ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་ཁྲིམས་འགལ་གྱིས་མེ་སྤྱོད་པའི་གྱོད་གཞི་44ཞིབ་བཤེར་ཐག་གཅོད་བྱས་པ་རེད། 2022ལོར་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ལ་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་བྱས་རྗེས་ཀྱི་བྱ་དགའ་ཐོབ་པ་རེད།
བོད་རང་སྐྱོང་ལྗོངས་ཀྱི་སྡོད་གནས་ཐོ་འགོད་དང་སྡོད་གནས་ལག་ཁྱེར་དོ་དམ་བྱེད་ཐབས་སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཏོན་ནས་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ཁྲིམས་འཛིན་ཚད་ལྡན་ཅན་དུ་འགྱུར་བ་དང་ཁྲིམས་སྐྱོང་གི་སྤྱི་བདེ་ཁྱོན་ཡོངས་ནས་འཛུགས་སྐྱོང་བྱེད་པ་སོགས་ཀྱི་ལམ་ལུགས་དང་ལམ་སྲོལ་ཁག་10ལྷག་ཙམ་འཐུས་ཚང་དུ་བཏང་བ་དང་། ཁྲིམས་འཛིན་གྱི་བླང་བྱ་དོན་འཁྱོལ་ནན་པོ་དང་ཚད་ལྡན་ནན་པོ་བྱས་ཏེ་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ནུས་པ་དང་ཁྲིམས་འཛིན་ལ་ཀུན་གྱིས་ཡིད་ཆེས་བྱེད་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད། ལྗོངས་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཚན་པ་20ལྷག་ཙམ་ལ་རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་ཁྲིམས་འཛིན་དཔེ་སྟོན་ཚན་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་སྤྱི་བདེ་པུས་ཁྲིམས་འཛིན་བཀོལ་སྤྱོད་ཀྱི་ཞིབ་སྲོལ་10ལྷག་ཙམ་ཕུལ་བྱུང་ཁྲིམས་འཛིན་གྱི་ལམ་ལུགས་ལ་བདམས་པ་རེད།
དེ་དང་ཆབས་ཅིག་སྤྱི་བདེའི་དངོས་ཞབས་དཔུང་སྡེའི་ཐུན་མོང་གི་ལམ་ལུགས་བསྒྱུར་བ་དང་ལས་རིགས་ཀྱི་སྤྱི་བདེའི་དོ་དམ་སྒྲིག་སྲོལ་བདེ་བླག་ངང་ལེགས་སྒྲིག་བྱུང་བ་དང་། རང་ལྗོངས་ཀྱི་སྤྱི་བདེའི་སྒྱུར་བཅོས་ལ་བརྒྱུད་རིམ་རང་བཞིན་གྱི་བསྐྱར་བཟོ་དང་ཁྱོན་ཡོངས་རང་བཞིན་གྱི་སྒྱུར་བཅོས་མངོན་འགྱུར་བྱུང་བ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་། ཆབ་སྲིད་ཀྱི་སློབ་གསོ། དཔའ་བོའི་དཔེ་བཟང་གི་སློབ་གསོ། ཉེན་བརྡའི་སློབ་གསོ་སོགས་ཀྱི་སློབ་གསོ་ཏན་ཏིག་སྤེལ་བ། ཉེན་རྟོག་པར་དགའ་ཞེན་དང་ཉེན་རྟོག་པར་དྲོ་སྐྱིད་སྦྱིན་པའི་བྱེད་ཐབས་སྣ་ཚོགས་མུ་མཐུད་ལེགས་སུ་བཏང་བ་དང་དོན་འཁྱོལ་བྱས་པ། དྲིལ་བསྒྲགས་གཟེངས་བསྟོད་དང་སྐུལ་སློང་དང་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་གི་ཞབས་ཞུར་ཤུགས་སྣོན་བརྒྱབ་པ་བཅས་བྱས་པས་ཉེན་རྟོག་པའི་ལས་རིགས་ཀྱི་མོས་སེམས་དང་གཏོགས་སེམས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社