ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། གཞི་རིམ་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་གཏོང་ཆེད། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་སོགས་སྡེ་ཚན་གྱིས་མཛུབ་ཁྲིད་བྱས་པ་དང་། རང་སྐྱོང་ལྗོངས་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་པ། གྲོང་ཨུད་དྲིལ་བསྒྲགས་པུའུ་དང་ཆུ་ཤུར་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་སྒྲུབ་འགན་ཁུར་བ། གྲོང་ཁྱེར་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱིས་གཞོགས་འདེགས་བྱས་པའི“5·23”ཀྲུང་གོའི་རིག་རྩལ་དང་བླངས་ཞབས་ཞུའི་ཉིན་མོའི“རིག་རྩལ་ཁྱིམ་ཚང་ཀུན་ལ་སྤེལ། བདེ་ཐང་ང་ཚོ་ཚང་མར་དབང”ཞེས་པའི་རིག་རྩལ་དང་བླངས་ཞབས་ཞུའི་བྱེད་སྒོ་དེ་ཆུ་ཤུར་རྫོང་དུ་སྤེལ་བ་རེད།
བོད་ཀྱི་སྲོལ་རྒྱུན་ཟློས་གར《བཀྲ་ཤིས་གཞས་དབང》ཞེས་པའི་ཁྲོད་བྱེད་སྒོ་འགོ་ཚུགས་ཤིང་། དེ་རྗེས་ཞབས་བྲོ《ལྷ་སའི་རྒྱབ་གླིང》དང་། 《ལུག་རྫིའི་བརྩེ་བ》 《གམ་པ་ལ་མོ》ཞེས་པ་དང་། གཏམ་བརྗོད་ཐུང་ངུ《ཁྱིམ་ཚང་གཅིག་གི་མི》དང《ཁ་བསླུས་ལ་ངོ་རྒོལ་བྱེད་པ》ཞེས་པ། གླུ་དབྱངས《ས་མཐོར་བཅངས་པའི་བརྩེ་བ》དང《བདེ་ཐང་གི་བོད་ལྗོངས》 《མེས་རྒྱལ་ལ་བསྟོད་གླུ་ལེན》ཞེས་པ་སོགས་ངོ་མཚར་ཆེ་བའི་ལེ་ཚན་རེས་མོས་སུ་འཁྲབ་སྟོན་བྱས་པ་དང་། གཞས་པ་བསྟན་ཆོས་ཨ་ཏིས་གླུ་དབྱངས《ནམ་ཡང་བཀྲ་ཤིས་བདེ་ལེགས》དང《ལྷོ་བྱང་རི་བོ》ཞེས་པ་བླངས་ནས་བོད་མི་དམངས་ཀྱིས་རླབས་ཆེན་མེས་རྒྱལ་དང་རླབས་ཆེན་དུས་རབས་ཀྱི་བཀའ་དྲིན་དྲན་ཚུལ་མཚོན་པར་བྱས་ཡོད། སྟངས་སྟབས་མཛེས་པའི་ཞབས་བྲོ་དང་། སྙན་ཆ་དོད་པའི་གླུ་གཞས། ཞིབ་ཆ་ལྡན་པའི་འཁྲབ་སྟོན་བཅས་ལ་ལྟད་མོ་བ་ཚོའི་དགའ་བསུ་རྒྱུན་ཆད་མེད་པར་ཐོབ་པ་རེད།
བོད་ལྗོངས་ཡིག་གཟུགས་མཐུན་ཚོགས་ཀྱི་ཡིག་མཁན་ཚོས་ཀྱང་མང་ཚོགས་ཀྱི་རེ་འདོད་བཞིན《ཡིད་རྟོན་ནི་གསེར་ལས་ལྷག》ཅེས་པ་དང་། 《སེམས་པ་ཏང་ལ་ཕྱོགས》ཞེས་པ་སོགས་ཀྱི་ཡིག་གཟུགས་བྲིས་ཏེ་དམངས་ལ་སྤྲད་པ་རེད། བོད་ལྗོངས་པར་ལེན་མཐུན་ཚོགས་ཀྱི་པར་ལེན་པ་ཚོས་ངང་རྒྱུད་རིང་པོའི་སྒོ་ནས་མང་ཚོགས་ལ་མཛུབ་ཁྲིད་བྱས་ཏེ་ཁོང་ཚོའི་འདོད་བློ་དང་འཚམ་པའི་པར་བླངས་ཤིང་། མང་ཚོགས་ཀྱི་འཚོ་བའི་ཁྲོད་ཀྱི་དོན་དངོས་མཚོན་པར་བྱས་པར་མ་ཟད། བླངས་པའི་པར་རྣམས་ཡུལ་དངོས་སུ་བཤུས་ཏེ། མང་ཚོགས་ལ་སྤྲད་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ད་དུང་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ལ《བོད་ལྗོངས་རྩོམ་རིག》 《བོད་ཀྱི་རྩོམ་རིག་སྒྱུ་རྩལ》 《སྤང་རྒྱན་མེ་ཏོག》སོགས་དུས་དེབ་དང་དཔེ་དེབ་300ལྷག་ཙམ་སྤྲད་པ་རེད།
ཐེངས་འདིའི་བྱེད་སྒོ་དེ་ནི“དོན་ཆེན་བཞི”དང“འཛུགས་གཏོད་བཞི”ལ་དམིགས་ཤིང་། རིག་རྩལ་དང་བླངས་ཞབས་ཞུ་གཞི་རྟེན་དུ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་རིག་གནས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་75འཁོར་བ་དང་ཀྲུང་དབྱང་གིས་བོད་སྐྱོར་བྱས་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུ་བའི་བྱ་སྤྱོད་ཅིག་ཡིན་ལ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རིག་གནས་སྤེལ་བ། སྙིང་སྟོབས་བརྒྱུད་སྤེལ་བཅས་ཀྱི་རིག་རྩལ་དང་བླངས་ཞབས་ཞུའི་ལས་འགན་ལག་ལེན་བསྟར་ཏེ། གྲོང་གསེབ་ཀྱི་རིག་གནས་དར་རྒྱས་སུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ། རྒྱལ་གཅེས་རིང་ལུགས་ཀྱི་དགོངས་གཞི་གཙོ་བོ་མཆོག་ཏུ་འཛིན་པ་སོགས་རིག་གནས་རང་རྟོགས་ཀྱི་བྱ་སྤྱོད་ཅིག་ཀྱང་ཡིན་པས་དུས་རབས་གསར་པའི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་དང་། བོད་ཀྱི་རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ། མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་བསམ་པའི་རིག་གནས་དང་འཚོ་བའི་དགོས་མཁོ་རྒྱུན་ཆད་མེད་པར་སྐོང་བ། མི་དམངས་མང་ཚོགས་ཀྱི་བསམ་པའི་འཇིག་རྟེན་ཕུན་སུམ་ཚོགས་སུ་གཏོང་བ་བཅས་ལ་བསམ་བློའི་སྟོབས་ཤུགས་ཆེན་པོ་ཞིག་སྤྲད་ཐུབ་ཡོད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社