分享按钮

རི་སྔོན་ཆུ་དྭངས་ཁྲོད་ཀྱི་འབྱུང་ཁམས་རིག་གནས་ཡུལ་སྐོར་གྱི་རྣམ་པ་གསར་པ་བཏོད་པ།

(པར་ངོས་དང་པོར་མཐུད)འདི་ལོའི་ཟླ་5ཚེས་5ཉིན་བར་མངའ་རིས་ས་ཁུལ་གྱིས་ཡུལ་སྐོར་བ་ཁྱོན་མི་ཐེངས་322925ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་2.58ཟིན་པ་དེ།དུས་མཚུངས་ལས་བརྒྱ་ཆ་20.2དང་བརྒྱ་ཆ་28.3འཕར་ནས་ཡུལ་སྐོར་གྱི་དཔལ་འབྱོར་རྒྱུན་མཐུད་དང་མགྱོགས་མྱུར་ངང་འཕེལ་རྒྱས་ཕྱིན་ཡོད། དེ་དང་ཆབས་ཅིག་2023ལོར་མངའ་རིས་ས་ཁུལ་གྱིས་ཡུལ་སྐོར་རྨང་གཞིའི་སྒྲིག་བཀོད་ཀྱང་མགྱོགས་མྱུར་ངང་འཐུས་ཚང་དུ་བཏང་ནས་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་6ལག་བསྟར་བྱ་རྒྱུར་སྐུལ་འདེད་བཏང་བ་དང་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་1.46བཏང་ཡོད་ཅིང་།རྣམ་གྲངས་ཚང་མ་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད།

གཞན་ཡང་།མངའ་རིས་ས་ཁུལ་གྱི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བརྒྱད་པའི་རིང་།མངའ་རིས་ས་ཁུལ་གྱི་ཡུལ་སྐོར་རིག་གནས་གསར་གཏོད་ཀུང་སི་6གིས་ས་གནས་དེ་གའི་རིག་གནས་མཚོན་པ་དང་དེང་རབས་འཚོ་བ་དང་མཉམ་འདྲེས་བྱེད་པའི་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས་40ལྷག་ཙམ་བཏོན་ནས་ཡུལ་སྐོར་གྱི་དྲན་རྟེན་དངོས་རྫས་འགྲེམས་ཚོང་འདུ་ཚོགས་ཁྲོད་ཞུགས་ཡོད་པ་རེད། འགྲེམས་ཚོང་བྱེད་རིང་།ས་གནས་ཁག་གི་འཛད་སྤྱོད་པ་མི་ཐེངས་ཁྲི་3.5ལྷག་ཙམ་གྱི་ཡིད་དབང་བཀུག་ནས་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་12.68ཟིན་ཡོད་པ་རེད།

བོད་འདི་ཉིད་ལ་འཛམ་གླིང་གི་ཡང་རྩེ་ཞེས་བརྗོད་ཀྱིན་ཡོད། གནས་དེར་ས་ཁོངས་རྒྱ་ཆེ་ཞིང་རང་བྱུང་གི་ཡུལ་ལྗོངས་མཛེས་པ་དང་། དམངས་སྲོལ་གྱི་ཁྱད་ཆོས་ཟབ་མོ་ལྡན་པ། མི་རིགས་ཀྱི་དམངས་སྲོལ་རིག་གནས་ཕུན་སུམ་ཚོགས་པ། འབྱུང་ཁམས་ཡུལ་སྐོར་ལེགས་པ་བཅས་ལས་གསར་སྤེལ་བྱེད་ཆོག་པའི་འབྱུང་ཁམས་ཡུལ་སྐོར་གྱི་མཛེས་ལྗོངས་མང་དག་ཅིག་ཡོད། ཉེ་བའི་ལོ་ཤས་རིང་།བོད་ཀྱིས་གངས་ལྗོངས་ས་མཐོའི་སྤུས་ལེགས་ཀྱི་མིང་བྱང་བཏོད་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་དང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད།

འཇོ་མདའ་རྫོང་ཝེ་འཕྲང་གྲོང་ཚོར་བཅའ་སྡོད་ཧྭ་གློག་བོད་ལྗོངས་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ལུའོ་ཐའེ་ཀུའེ་གནས་སའི་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་ཝེ་འཕྲང་གྲོང་ཚོར་རང་བྱུང་གི་ཡུལ་ལྗོངས་དང་མི་རིགས་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཡོད་ཅིང་།གྲོང་ཚོའི་ནང་སྲོག་ཆགས་དང་རྩི་ཤིང་གི་རིགས་ཕུན་སུམ་ཚོགས་པས་དབྱར་རྩྭ་དགུན་འབུ་དང་།བེར་ཤ།ཁུག་རྩྭ་སོགས་རང་བྱུང་ཐོན་ཁུངས་ཧ་ཅང་མང་པོ་ཡོད་པ་རེད།

ལུའོ་ཐའེ་ཀུའེ་ཡིས་གསར་འགོད་པར་དེ་སྔ་འདི་གའི་མང་ཚོགས་ཀྱིས་རི་ལ་བརྟེན་ནས་ལྟོ་གོས་འཚོལ་རྒྱུ་ལས་འཚོ་རྟེན་གཞན་གང་ཡང་མེད།ཉེ་བའི་ལོ་ཤས་རིང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ས་གནས་དེ་གའི་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་དང་ཟུང་འབྲེལ་བྱས་ནས་གྲོང་ཚོ་ཆུང་ཡང་ཡུལ་ལྗོངས་མཛེས་པ་དང་གྲོང་ཚོ་ཆུང་ཡང་ཁྱད་ཆོས་ལྡན་པའི་རྩ་དོན་གཞིར་བཟུང་།འབྱུང་ཁམས་ཡུལ་སྐོར་འཕེལ་རྒྱས་ཧུར་ཐག་བཏང་བ་དང་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་སྟེ་སྤོ་ལོ་གྲོང་ཚོའི་ཤིང་བརྐོས་དང་།རྩམ་པ།དེ་བཞིན་བོད་ཇ་སོགས་ལག་པས་བཟོ་བའི་བརྒྱུད་རིམ་ལ་ཤེས་རྟོགས་བྱས་པ་བརྒྱུད།ཡུལ་སྐོར་བ་བོད་ཀྱི་ཡུལ་སྲོལ་གོམས་གཤིས་ལ་མྱོང་རོལ་བྱེད་པའི་ཡིད་དབང་བཀུག་ཡོད།

དེ་དང་ཆབས་ཅིག་རྨང་གཞིའི་སྒྲིག་བཀོད་རིམ་བཞིན་འཐུས་ཚང་དུ་བཏང་ནས་རྐང་ཐང་ལམ་ཐིག་ཇུས་འགོད་ཞིབ་ཚགས་བྱས་པ་དང་།ཉིན་2རྐང་ཐང་མར་རི་སྐོར་དུ་བསྐྱོད་པའི་ལམ་ཐིག་གསར་སྤེལ་བྱས་པ་དང་འབྲེལ།གུར་གྱི་ནང་དུ་སྤྲོ་གསེང་བྱེད་པ་དང་ཁྱིམ་ཚང་མགྲོན་ཁང་སོགས་ཀྱི་རྣམ་གྲངས་བཏོད་དེ་ཞབས་ཞུ་དེ་བས་མང་བ་དང་དེ་བས་ལེགས་པ་མཁོ་འདོན་བྱས་པས།ཡུལ་སྐོར་བས་རྐང་ཐང་དུ་སྐྱོད་སྐབས་བོད་ཀྱི་གྲོང་གསེབ་ཀྱི་ཡུལ་སྲོལ་གོམས་གཤིས་ལ་ཉམས་ལེན་གཏིང་ཟབ་ཐུབ་པར་བྱས་ཡོད།

ཉིང་ཁྲི་གྲོང་ཁྱེར་ཀླུ་ནང་གི་བཀྲ་ཤིས་སྒང་གྲོང་ཚོ་དེ་རི་ལྡེབས་སུ་ཆགས་ཡོད་ཅིང་།བོད་ལུགས་ཀྱི་ཡུལ་མིའི་སྡོད་ཁང་དག་གྲལ་འགྲིག་པོར་གནས་ཡོད་པ་དང་། ཕྱོགས་བཞི་རྩྭ་དང་རྩི་ཤིང་གིས་བཀླུབས་ཡོད། གྲོང་ཚོའི་རྒྱབ་ཏུ་ཀླུ་ནང་ནགས་ཚལ་སྔོ་ཐིང་ངེར་གནས་པ་དང་། གྲོང་ཚོའི་མདུན་དུ་ཆུ་བོ་ཤང་ཤང་དུ་རྒྱུག་པ་བཅས་ལས་གྲོང་ཚོའི་རྣམ་པ་ཡིད་དུ་འོང་བ་ཞིག་ཡོད།

མིག་སྔར་བཀྲ་ཤིས་སྒང་གྲོང་ཚོར་དུད་ཚང་67ཡོད་པའི་ནང་དུད་ཚང་51གིས་ཁྱིམ་ཚང་མགྲོན་ཁང་བཙུགས་ཡོད་ཅིང་།གྲོང་མི་ཚོས་བོད་ཟས་བཟོ་བ་དང་། ཡུལ་དངོས་ཐོན་རྫས་ཕྱིར་ཚོང་བྱེད་པ། མདའ་འཕེན་པ། རྟ་བཞོན་པ་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་བརྒྱུད་ཡུལ་སྐོར་བ་འབོར་ཆེན་ཡོང་གི་ཡོད་ལ་ཡུལ་སྐོར་གྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད། ཡུལ་མི་སྒྲོལ་མ་ལྷ་མོས་རང་ཁྱིམ་གྱི་ཁྱིམ་ཚང་མགྲོན་ཁང་ལ་གཙང་སྦྲ་བྱེད་ཞོར་དུ་གསར་འགོད་པར་སྔོན་ཆད་ང་ཚོའི་མང་ཚོགས་རྣམས་གཙོ་བོ་རི་ལ་བརྟེན་ནས་ཁྱིམ་ཚང་གི་ལྟོ་གོས་འཚོལ་གྱིན་ཡོད།ཡོང་འབབ་ཉུང་བའི་ཁར་ཁོར་ཡུག་ལའང་གཏོར་བཤིག་ཐེབས་ཀྱི་ཡོད། ད་ཆ་མཐའ་འཁོར་གྱི་འབྱུང་ཁམས་ལ་སྲུང་སྐྱོང་ཡག་པོ་ཐུབ་པས་ཡུལ་ལྗོངས་དེ་བས་མཛེས་པ་དང་ཡུལ་སྐོར་བ་དེ་བས་མང་དུ་ཕྱིན་ནས་ཡོང་འབབ་ཀྱང་མཐོ་རུ་ཕྱིན་ཡོད། སླད་ཕྱིན།ང་ཚོས་དེ་གའི་རང་བྱུང་གི་ཡུལ་ལྗོངས་ལ་སྔར་བས་སྲུང་སྐྱོང་ཡག་པོ་བྱས་ནས་ཡུལ་སྐོར་བ་རྣམས་ལ་ཐུན་མོང་མ་ཡིན་པའི་རང་བྱུང་གི་ཡུལ་ལྗོངས་དང་དམངས་སྲོལ་རིག་གནས་མྱོང་རོལ་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་དང་པོ་ནས་བཞི་པའི་བར་ཉིང་ཁྲི་གྲོང་ཁྱེར་གྱིས་ཕྱི་རྒྱལ་ནས་ཡོང་བའི་ཡུལ་སྐོར་བ་མི་ཐེངས་ཁྲི་2.51ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད། ཉིང་ཁྲི་གྲོང་ཁྱེར་སྤྱི་བདེ་ཅུས་རྒྱལ་མཚམས་འགྲོ་འོང་དོ་དམ་ཡན་ལག་རུ་ཁག་གི་ཆབ་སྲིད་ཨུ་ཡོན་ཀྲང་ཅིང་ཝུན་གྱིས་ཕྱི་རྒྱལ་ནས་ཡོང་བའི་ཡུལ་སྐོར་བ་སྤྱིར་བཏང་ཉིང་ཁྲི་གྲོང་ཁྱེར་དུ་སྡོད་ཡུན་ཅུང་ཐུང་བས། ང་ཚོས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་རྒྱལ་བའི་ཡུལ་སྐོར་ལག་ཁྱེར》དེ་ཡུལ་དངོས་སུ་བདག་སྤྲོད་དང་ཉིན་དེར་ལས་སྒྲུབ་ཐུབ་པ་མཐའ་འཁྱོངས་བྱས་པར་མ་ཟད། ད་དུང་གཟའ་མཇུག་དང་དུས་ཆེན་རིང་ལག་ཁྱེར་གཉེར་རྒྱུ་སྔོན་མངགས་ཆོག་པ་སོགས་ཀྱི་ཞབས་ཞུའི་བྱ་ཐབས་བཏོན་པས་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མང་པོ་ཞིག་གི་བསྔགས་བརྗོད་ཐོབ་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་རྒྱལ་མཚམས་འགྲོ་འོང་ལ་ལག་ཁྱེར་ཡོད་པ་དང་ཞབས་ཞུར་མཚམས་མི་འཇོག་པའི་ལས་ཀའི་འདུ་ཤེས་རྒྱུན་འཛིན་བྱས་ཏེ།རྡོག་རྩ་གཅིག་སྒྲིལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ནས་ཞབས་ཞུ་དང་། དོ་དམ། རྡུང་རྡེག་བཅས་ཀྱི་འགན་ནུས་ཆེན་པོ་གསུམ་གཅིག་གྱུར་ཐོག་འདོན་སྤེལ་བྱ་རྒྱུ་དང་།ཐུན་མོང་གི་བློ་གྲོས་དང་། འགན་འཁྲི། བརྟན་སྲུང་བཅས་ལ་བརྟེན་ནས་ཉིང་ཁྲི་གྲོང་ཁྱེར་གྱིས་འཛམ་གླིང་རིམ་པའི་འབྱུང་ཁམས་རིག་གནས་ཡུལ་སྐོར་གཏོད་རྒྱུར་ལེགས་སྐྱེས་གང་ཡོད་འབུལ་རྒྱུ་ཡིན་ཞེས་བཤད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-28 6 6 拉萨日报藏文 c182028.html 1 རི་སྔོན་ཆུ་དྭངས་ཁྲོད་ཀྱི་འབྱུང་ཁམས་རིག་གནས་ཡུལ་སྐོར་གྱི་རྣམ་པ་གསར་པ་བཏོད་པ། /enpproperty-->