分享按钮

ལྷ་སའི་གྲོང་ཤར་རྔ་ཆེན་ཕྱོགས་བསྡུས་སྡེབ་ཚོང་ཚོང་ལས་གྲོང་དངོས་སུ་ཚོད་ལྟའི་ལས་གཉེར་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་25ཉིན་གྱི་སྔ་དྲོར། ཁྲེང་ཀོན་ཆུས་སྲིད་གཞུང་གི་ཚོང་འགུགས་དངུལ་འདྲེན་གྱི་གཙོ་གནད་རྣམ་གྲངས་དང་།རྔ་ཆེན་ཁྲོམ་གཞུང་གླང་རུ་སྡེ་ཁུལ་གྱི་ས་ཆ་ཤོར་བའི་ཞིང་པ་ལས་ཞུགས་བསྐྱར་དུ་བྱེད་པའི་རྣམ་གྲངས། ཀྲེ་ཅང་ཚོང་པའི་བོད་ལྗོངས་ཀྱི་2024ལོའི་གཙོ་གནད་མ་འཇོག་རྣམ་གྲངས་བཅས་ཡིན་པའི་གྲོང་ཤར་རྒྱུད་ཀྱི་གཅིག་འཐུས་རྣམ་པའི་ལས་རིགས་ཡོངས་ཀྱི་ཚོང་དོན་གཅིག་སྡུད་ཉོ་སྒྲུབ་རྟེན་གཞི་ཐོག་མ་སྟེ་རྔ་ཆེན་ཕྱོགས་བསྡུས་སྡེབ་ཚོང་ཚོང་ལས་གྲོང་གི་ཚོད་ལྟའི་ལས་གཉེར་མཛད་སྒོ་འཚོགས་པ་རེད།

རྔ་ཆེན་ཕྱོགས་བསྡུས་སྡེབ་ཚོང་ཚོང་ལས་གྲོང་ནི་ཁྲེང་ཀོན་ཆུས་ཀྱི་ཚོང་འགུགས་མ་དངུལ་འདྲེན་གྱི་གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་ངོས་ནས་རྣམ་གྲངས་གཏན་འཁེལ་བྱས་པ་ནས་འཛུགས་སྐྲུན་བར་དུས་དང་རྣམ་པ་ཀུན་ཏུ་སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་ཐོབ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། རྔ་ཆེན་ཕྱོགས་བསྡུས་སྡེབ་ཚོང་ཚོང་ལས་གྲོང་གི་རྨང་གཞིའི་ལས་གྲྭ་དེ་2023ལོའི་ཟླ་4ཚེས་20ཉིན་ནས་འགོ་ཚུགས་པ་དང་། སྒྲོམ་གཞིའི་འཛུགས་སྐྲུན་དེ་2023ལོའི་ཟླ་5ཚེས་24ཉིན་དངོས་སུ་ལས་འགོ་བཙུགས་པ། ཟླ་8ཚེས་18ཉིན་སྒྲོམ་གཞིའི་ཐོག་ཁང་གི་ཐོག་བཀབ་པ། ལོ་གསུམ་ཙམ་གྱི་གྲ་སྒྲིག་དང་ཟླ་13རིང་ཛ་དྲག་ངང་འཛུགས་སྐྲུན་བྱས་པ་བརྒྱུད།ཟླ་5ཚེས་25ཉིན་དངོས་སུ་ཚོད་ལྟའི་ལས་གཉེར་བྱས་པ་རེད།

མཛད་སྒོའི་ཐོག་རྔ་ཆེན་ཚོང་ལས་གྲོང་གི་ཏུང་ཧྲི་ཀྲང་ལུའོ་ཡོན་ནེང་གིས་རྣམ་གྲངས་དེར་མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་2བཏང་བ་དང་།འཛུགས་སྐྲུན་གྱི་རྒྱ་ཁྱོན་ལ་སྨི་ངོས་གྲུ་65361.93ཟིན་ནས་ཞིང་ལས་ཚོང་དོན་ཁྲོམ་ར་དང་། སྣ་འཛོམས་རྒྱན་གོས་སྡེབ་ཚོང་།ཞིམ་ཟས། སྤྲོ་གསེང་རོལ་རྩེད་སོགས་ནུས་པ་མང་པོ་གཞི་གཅིག་ཏུ་འདུས་ཡོད། བསྐྲུན་ཟིན་རྗེས་ལྷ་ས་གྲོང་ཤར་ཁུལ་གྱི་ཚོང་ལས་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་རྒྱུ་མ་ཟད། ལས་རིགས་ཡོངས་དང་རིགས་ཡོངས་ཀྱི་ཚོང་ཟོག་ཉོ་སྒྲུབ་ཀྱི་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ནས་མཐའ་འཁོར་གྱི་གྲོང་མིར་དེ་བས་སྟབས་བདེ་དང་། ཕུན་སུམ་ཚོགས་པ། དངོས་ཕན་བཅས་ཀྱི་ཉོ་སྒྲུབ་ཉམས་ལེན་མཁོ་འདོན་ཐུབ་རེ་ཡོད་པ་རེད། རྔ་ཆེན་ཕྱོགས་བསྡུས་སྡེབ་ཚོང་ཚོང་ལས་གྲོང་ཁྱོན་ཡོངས་ནས་གཉེར་སྐྱོང་བྱས་རྗེས་མི(ས་ཤོར་ཞིང་འབྲོག་པ་ཚུད་པ)1500ནས་2000ལྷག་ཙམ་གྱི་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱེད་ཐུབ་རྒྱུ་ཡིན་པ་དང་། སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་ལ་གསོན་ཤུགས་འཕེལ་བར་བྱས་ཏེ་ས་ཤོར་མང་ཚོགས་ལ་ཁེ་སྤོགས་བགོ་བའི་མ་དངུལ་གྱི་ཡོང་ཁུངས་བརྟན་པོ་ཞིག་མཁོ་འདོན་ཐུབ་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།

རྔ་ཆེན་ཕྱོགས་བསྡུས་སྡེབ་ཚོང་ཚོང་ལས་གྲོང་དེ་ལྷོ་ཕྱོགས་གྲོང་ཤར་གྱི་དབན་ཏ་དང་། བྱང་ཕྱོགས་གྲོང་སྐོར་ལམ་དང་སྦྲེལ་བས། གནས་ཡུལ་ལེགས་པ་དང་མཐའ་འཁོར་དུ་ལེ་ལག་ཚང་བའི་སྒྲིག་ཆས་འཐུས་ཚང་ཡིན་པ། རྣམ་གྲངས་དེའི་ཚོང་རའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་46637དང་། རླངས་འཁོར་འཇོག་ས་1100ལྷག་ཙམ། ཚོང་ཁང་1200ཙམ་ཡོད་པ་རེད། ལུའོ་ཡོན་ནེང་གིས་སླད་ཕྱིན་ང་ཚོས་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་དུ་བཏང་སྟེ།བཅའ་སྡོད་ཁེ་ལས་ཚང་མར་འགྲན་རྩོད་དྲང་གཞག་གི་རྨང་གཞིའི་ཐོག་གྲུབ་འབྲས་ཐོབ་པའི་འགན་ལེན་བྱ་རྒྱུ་ཡིན། ང་ཚོས་འབད་བརྩོན་བྱས་པ་བརྒྱུད་རྔ་ཆེན་ཕྱོགས་བསྡུས་སྡེབ་ཚོང་ཚོང་ལས་གྲོང་དེ་ལྷ་སའི་ཚོང་དོན་ཁྲོམ་རའི་མིང་བྱང་གསར་པ་ཞིག་ཏུ་འགྱུར་ཐུབ་པར་བྱ་རྒྱུ་ཡིན་ཞེས་བཤད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-28 6 6 拉萨日报藏文 c182027.html 1 ལྷ་སའི་གྲོང་ཤར་རྔ་ཆེན་ཕྱོགས་བསྡུས་སྡེབ་ཚོང་ཚོང་ལས་གྲོང་དངོས་སུ་ཚོད་ལྟའི་ལས་གཉེར་བྱས་པ། /enpproperty-->