ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་5ཚེས་24ཉིན། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་དང་། ལྷ་ས་གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས།འདམ་གཞུང་རྫོང་ཨུད་དང་རྫོང་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་ཐོག་འདམ་གཞུང་ནོར་གནག་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་ཀྱི་སྲུང་སྐྱོང་དཔེ་སྟོན་ཁུལ(གྲ་སྒྲིག)གྱི་སྒོ་བྱང་གི་ཡོལ་བ་ཕྱེ་བ་དང་འགོ་ཚུགས་མཛད་སྒོ་འཚོགས་པ་རེད།
འདམ་གཞུང་རྫོང་སྟེ་སྤུས་ལེགས་ནོར་གནག་ཐོན་ཁུངས་གསོ་སྐྱོང་བྱེད་པའི་ས་ཆ་དེས་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་བྱེད་པའི་དུས་སྐབས་གལ་ཆེན་ཞིག་བསུས་ཡོད།2016ལོའི་ཟླ་12ཚེས་28ཉིན་ནོར་གནག་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་བྱ་རྒྱུའི་ཆོག་མཆན་སྤྲད་པ་ནས་བཟུང་། འབྲེལ་ཡོད་སྡེ་ཚན་གྱིས་ནོར་གནག་ཐོན་ལས་ཚད་ལྡན་ཅན་དང་སྤུས་རྟགས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་གཞོལ་བཞིན་ཡོད་པ་རེད།ལོ་འགའི་རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད།2023ལོར་འདམ་གཞུང་ནོར་གནག་ལ་རྒྱལ་ཁབ་ཀྱི་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་དཔེ་སྟོན་ཁུལ་འཛུགས་རྒྱུའི་གྲ་སྒྲིག་མིང་ཐོ་དང་རྒྱལ་ཁབ་ཀྱི་ཤེས་བྱའི་ཐོན་དབང་གི་ས་ཁམས་མཚོན་རྟགས་ཁག་གཉིས་པའི་བེད་སྤྱོད་སྐུལ་འདེད་ཀྱི་གཙོ་གནད་འབྲེལ་གཏུགས་མཛུབ་ཁྲིད་མིང་གཞུང་ལ་ཆོག་མཆན་ཐོབ་ཡོད་པ་རེད།
འགོ་ཚུགས་མཛད་སྒོའི་ཐོག་འབྲེལ་ཡོད་འགན་འཁུར་བས་ཐུན་མོང་ཐོག་ནོར་གནག་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་དཔེ་སྟོན་ཁུལ(གྲ་སྒྲིག)གྱི་སྒོ་བྱང་གི་ཡོལ་བ་ཕྱེ་བ་དེའི་ཐོག་ནས་ནོར་གནག་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་གི་གྲས་སུ་དངོས་སུ་ཚུད་པ་མཚོན་ཡོད།དེ་དང་ཆབས་ཅིག་འདམ་གཞུང་ས་གཙང་ཀུང་སི་འདི་ཉིད་ལ་ཚོང་རྟགས་སྤུས་རྟགས་མཛུབ་ཁྲིད་ས་ཚིགས་ཞེས་པའི་མཚན་སྙན་གསོལ་བ་དང་།འདམ་གཞུང་ས་གཙང་ཀུང་སིའི་སྤུས་རྟགས་འཛུགས་སྐྲུན་དང་ཚོང་རྟགས་སྲུང་སྐྱོང་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་བྱས་ཏེ་ས་ཁམས་མཚོན་རྟགས་སྲུང་སྐྱོང་ལས་དོན་ལ་གནམ་ས་གསར་པ་གཏོད་རྒྱུ་དང་།དཔེ་མཚོན་གསར་པ་གཏོད་རྒྱུ། ཁྱད་ཆོས་གསར་པ་བསྣན་རྒྱུ་བཅས་ཡིན་པ་རེད།
2016ལོར་ས་ཁམས་མཚོན་རྟགས་ཐོན་རྫས་ཐོབ་པ་ནས་བཟུང་།ང་ཚོས་ཐོན་རྫས་ཀྱི་སྤུས་ཚད་དང་སྤུས་རྟགས་ཀྱི་ཤུགས་རྐྱེན་ཟམ་མི་ཆད་པར་ཆེ་རུ་གཏོང་གི་ཡོད།ད་ཐེངས་ཀྱི་མིང་བྱང་སྤྲད་པ་དེས་འདམ་གཞུང་ནོར་གནག་གི་ཐོན་ལས་འཕེལ་རྒྱས་དང་ཐོན་ལས་ཁྱུ་ཚོགས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་མ་ཟད།འབྲོག་པའི་ཡོང་འབབ་འཕར་རྒྱུར་སྐུལ་འདེད་ཀྱང་གཏོང་ཐུབ།སླད་ཕྱིན་ང་ཚོས་ཐོན་རྫས་ལ་སྲུང་སྐྱོང་དང་།ཞིབ་འཇུག་གསར་སྤེལ།ཁྱབ་གདལ་བཅས་ཀྱི་ཐད་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ནོར་གནག་གི་ས་ཁམས་མཚོན་རྟགས་ཐོན་རྫས་དེ་གྲོང་གསེབ་དར་རྒྱས་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་འདམ་གཞུང་ས་གཙང་ཀུའོ་ཆིང་ར་བའི་འགན་འཁུར་བ་པའེ་ཤིང་པོས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན།འདམ་གཞུང་ནོར་གནག་གི་ཤ་ཞིབ་ཚགས་ཅན་དུ་བགོས་རྗེས་རིན་གོང་ཐད་སྤྱི་རྒྱ་རེར་སྒོར་140ནས་180བར་འཕར་ནས་འཕར་ཚད་བརྒྱ་ཆ་50ལས་བརྒལ་ཡོད་པ་རེད།དུས་མཚུངས་སུ་ཐོན་རྫས་རིན་ཐང་ལྡབ་2ཡན་འཕར་ཡོད།གཞན་ཡང་འདམ་གཞུང་རྫོང་གིས་ད་དུང་རང་བྱུང་རྩྭ་ར་སྲུང་སྐྱོང་དང་མིས་བཟོས་རྩྭ་ར་འདེབས་འཛུགས་ལ་སྣང་ཆེན་བྱེད་ཀྱི་ཡོད་པ་རེད།མིག་སྔར།རང་བྱུང་རྩྭ་ར་གསོ་སྐྱོང་བྱས་པའི་རྒྱ་ཁྱོན་ལ་མུའུ་ཁྲི་500ཟིན་པ་དང་ནུས་ལྡན་བེད་སྤྱོད་བྱེད་ཚད་བརྒྱ་ཆ་70ཟིན་པ།མིས་བཟོས་རྩྭ་རའི་རྒྱ་ཁྱོན་ལ་མུའུ་ཁྲི་1.5ཟིན་པར་མ་ཟད།འཐུས་སྒོ་ཚང་བའི་ས་གཙང་རྩྭ་ར་སྒྲིག་ཆས་ཅན་གྱི་གསོ་སྤེལ་སྒྲིག་ཆས་ཀྱང་བཀོད་སྒྲིག་བྱས་ཡོད་པ་རེད།ཀུའོ་ཆིང་ར་བའི་ཁྱབ་འགྱེད་ཀྱིས་ལུང་རེན་ཤང་ཀུའོ་ཆིང་གྲོང་ཚོའི་དུད་ཚང་158དང་མི་878ཕྱུགས་ར་འཕེལ་རྒྱས་གཏོང་བའི་ནང་ཞུགས་རྒྱུར་སྐུལ་ཁྲིད་བྱས་ནས་དུད་ཚང་རེར་ལོ་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1.4ལྷག་ཙམ་འཕར་བ་དང་།ས་མཐོའི་སྔོ་མདོག་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་མི་600ལྷག་ཙམ་ལས་ཞུགས་ཐུབ་ནས་འབྲོག་ཁུལ་གྱི་ཁྱིམ་ཚང་2000དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་གང་ལེགས་བྱས་ཡོད།འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.9ཟིན་པ་དེ་རྫོང་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆ་56མཐོ་བ་ཡོད་པ་རེད།
གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས་ཀྱི་ཤེས་བྱའི་ཐོན་དབང་དང་བརྡ་ཁྱབ་ལྟ་སྐུལ་དོ་དམ་ཁོའོ་ཡི་ཁོའོ་ཀྲང་རིན་ཆེན་གྱིས་འདམ་གཞུང་ནོར་གནག་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཐོན་རྫས་སྲུང་སྐྱོང་དཔེ་སྟོན་ཁུལ(གྲ་སྒྲིག)གྱི་སྒོ་བྱང་གི་ཡོལ་བ་ཕྱེ་བ་དེའི་ཐོག་ནས་ང་ཚོས་དུས་ཡུན་ལོ་གསུམ་གྱི་གསར་གཏོད་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་ཡོད།ང་ཚོས་ལས་དོན་དེ་བརྒྱུད་འདམ་གཞུང་ནོར་གནག་གསོ་སྤེལ་དུད་ཚང་གིས་ནོར་གནག་ཐོན་ལས་མ་ལག་ཅན་གྱི་འཛུགས་སྐྲུན་ལ་ངོས་འཛིན་དང་།དང་ལེན་དང་ཁྱབ་གདལ་གཏོང་བ།འབྱུང་རྩ་ནས་ཐོག་མའི་ཐོན་ཡུལ་དང་སྤུས་ཚད་ཀྱི་འགག་སྒོ་ཡག་པོ་སྲུང་གང་ཐུབ་བྱ་རྒྱུ་ཡིན།ང་ཚོས་འདམ་གཞུང་ནོར་གནག་གི་ས་ཁམས་མཚོན་རྟགས་སྤུས་རྟགས་ཁྱབ་གདལ་དང་འཕེལ་རྒྱས་ཡག་པོ་བཏང་ནས་དེ་ལྗོངས་ཡོངས་ཀྱི་ས་ཁམས་མཚོན་རྟགས་ཚད་ལྡན་ཅན་གྱི་དཔེ་མཚོན་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཚད་གཞི་ཞིག་ཏུ་འགྱུར་བར་བྱས་ཏེ།གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་ལྷ་སའི་དཔེ་མཚོན་གཏོད་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社