ཤིན་ཧྭ་གསར་འགྱུར་ཁང་མོ་ཞི་ཁོ་ནས་ཟླ་5ཚེས་24ཉིན་གློག་འཕྲིན་འབྱོར་གསལ། མོ་ཞི་ཁོ་འཕྲོད་བསྟེན་པུའུ་ཡིས་ཉིན་ཤས་གོང་ཁྱབ་བསྒྲགས་བྱས་པའི་སྙན་ཞུ་ལས་མངོན་པར་གཞིགས་ན། ད་ལོའི་ཟླ་3པའི་ཚེས་17ཉིན་ནས་བཟུང་། མོ་ཞི་ཁོ་རུ་དྲོད་ཚད་མཐོ་བའི་གནམ་གཤིས་བསྟན་ནས་ཉུང་མཐར་ཡང་མི་48རྐྱེན་ལམ་དུ་ཤོར་བ་དང་། སྔོན་དཔག་བྱས་ན་ས་ཆ་དེར་དྲོད་ཚད་མཐོ་བའི་གནམ་གཤིས་རྒྱུན་མཐུད་བསྟན་རྒྱུ་རེད།
སྙན་ཞུའི་ནང་།མོ་ཞི་ཁོའི་རྒྱལ་ཁབ་ཆུ་དོན་ཨུ་ལྷན་ཚོགས་པའི་གྲངས་གཞི་དྲངས་ཏེ། མོ་ཞི་ཁོ་རུ་ད་ལོའི་ཟླ་3པ་ནས་ཟླ་7པའི་བར་དུ་ཚ་རླབས་ཐེངས་ལྔ་འཕྲད་རྒྱུ་ཡིན་པ་དང་། མིག་སྔར་ཚ་རླབས་ཐེངས་གསུམ་པ་འཕྲད་པའི་དུས་སྐབས་སུ་གནས་ཡོད། སྔོན་དཔག་བྱས་ན་ཐེངས་འདིའི་ཚ་རླབས་ད་དུང་རྒྱུན་མཐུད་ངང་གནས་རྒྱུ་དང་། མོ་ཞི་ཁོ་ཡི་ཀྲོའུ་མང་པོའི་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ་40ནས་45བར་ཡིན་པ་དང་། ཀྲོའུ་ཁག་ཅིག་གི་དྲོད་ཚད་མཐོ་ཤོས་ཧྲེ་ཧྲི་ཏུའུ་45ལས་བརྒལ་ཡོད། སྙན་ཞུའི་ནང་།མོ་ཞི་ཁོ་ཡི་མི་950ལྷག་ཙམ་གྱི་བདེ་ཐང་ལ་དྲོད་ཚད་མཐོ་བའི་གནམ་གཤིས་ཀྱི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པ་དང་། ཚ་གདུག་ཕོག་པ་ནི་རྒྱུན་དུ་མཐོང་བའི་ནད་རྟགས་ཤིག་ཡིན་ཞིང་། མི་ཁག་གཅིག་ལ་ལུས་ཆུ་ཤོར་བ་དང་ཉི་མས་འཚིག་པའི་ནད་རྟགས་ཐོན་ཡོད་ཅེས་འཁོད་ཡོད།(བྱམས་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社