分享按钮

ཐང་དཀར་ཤང་གིས་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་བཏང་བས་གཞི་རིམ་ བཅོས་སྐྱོང་ལ་གསོན་ཤུགས་གསར་པ་འཕེལ་བ།

པར་འདི་ནི་མང་ཚོགས་ཀྱིས་རང་ཁྱིམ་གྱི་སྒོ་རའི་ནང་དུ་འབྲས་ཤིང་ལ་ཡལ་བཞུར་རྒྱག་བཞིན་པའི་གནས་ཚུལ་ཡིན་པ།

སྒོ་ར་ཆུང་ནའང་། རེ་ལྟོས་ཆེན་པོ་ཡོད། སྐད་ཆ་དེ་སྟག་རྩེ་ཆུས་ཐང་དཀར་ཤང་གི་གྲོང་ཚོ་ཁག་ནང་ནས་མངོན་པ་དང་ཐང་དཀར་ཤང་གིས་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏོང་ཆ་གལ་ཆེན་ཞིག་ཏུ་བརྩིས་ནས་སྒོ་ར་དང་ཁྱིམ་ཚང་གཞི་རྟེན་དུ་བྱས་ཏེ་གྲོང་མིར་བེད་མེད་དུ་ལུས་པའི་ས་སྟོང་དང་སྒོ་རའི་ས་ཆ་སྤྱད་དེ་ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་གཉེར་སྐྱོང་བྱེད་སྒོ་སྤེལ་རྒྱུར་ཁྲིད་སྟོན་བྱས་ཏེ་གྲོང་གསེབ་ཀྱི་ས་ཆ་ཆུང་ཆུང་དེ་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ནོར་གཞོང་དུ་བསྒྱུར་ཡོད།

ཉེ་ཆར་གསར་འགོད་པ་ཐང་དཀར་གྲོང་ཚོའི་ཚོགས་ཆུང་7པའི་ཨ་ཁུ་མཁས་གྲུབ་ཀྱི་ཁྱིམ་དུ་ཕེབས་ཤིང་། ཨ་ཁུས་སྒོ་རར་ལྕགས་ར་བསྐོར་ནས་ཚ་ལ་རྒྱག་བཞིན་ཡོད་པ་དང་། དེ་ནས་ནང་དུ་བསྐྱོད་ན་སྒོ་རའི་ཡུལ་ལྗོངས་སྐྱིད་པོ་ཞིག་ཡོད། འདི་ལོའི་ཟླ་3པར་བཏབ་པའི་སྲེའུ་སྡོང་དང་། ཀུ་ཤུའི་སྡོང་པོ། ཁམ་སྡོང་། ལི་སྡོང་སོགས་སྔ་རྗེས་སུ་མྱུ་གུ་འབུས་པ་དང་། སྒོ་རའི་ནང་གི་སྤང་ལྗོངས་སུ་རྩྭ་ཕྲན་རེ་རེ་བཞིན་འབུད་འགོ་བརྩམས་པས་དངོས་གནས་དགའ་འོས་པ་ཞིག་རེད། ཐང་དཀར་གྲོང་ཚོའི་ཚོགས་ཆུང་2པའི་ལྷག་པ་བུ་ཆུང་ཁྱིམ་གྱི་ཚ་བཟོའི་རྣམ་པའི་རང་འབབ་ཆུ་ཀ་ལ་དེའང་ད་ཐེངས་ཀྱི་སྒོ་རའི་དཔལ་འབྱོར་ཁྲོད་ཀྱི་བཀྲག་མདངས་འཚེར་ས་ཞིག་ཡིན་པ་དང་བཙའ་མི་རྒྱག་པའི་ལྕགས་ཀྱིས་བཏུམས་པའི་རང་འབབ་ཆུ་ཀ་ལ་དེ་དགུན་དུས་གློག་བཏང་ནས་སྒོ་རའི་ནང་བཞག་ཚེ་འཁྱགས་དཀའ་བར་གྱུར། འདི་དག་ནི་སྟག་རྩེ་ཆུས་ཐང་དཀར་ཤང་གིས་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་བཏང་ནས་གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བའི་བསྡུས་རིས་ཤིག་ཡིན། མཁས་གྲུབ་ཀྱིས་སྒོ་རའི་དཔལ་འབྱོར་ལ་སྐུལ་འདེད་བཏང་རྗེས་ང་ཚོས་མི་ཕྱུགས་ལོགས་དབྱེ་བྱས་པ་དང་།ཤང་གིས་ད་དུང་ང་ཚོར་འབྲས་ཤིང་གི་སོན་དང་རྩྭ་མྱུག་སྤྲད་སོང་བས་ང་ཚོས་བཏབ་པ་ཡིན། སང་ལོར་ང་ཚོས་རང་ཁྱིམ་དུ་བཏབ་པའི་ཤིང་ཏོག་ཀྱང་ཟ་ཐུབ་རྒྱུ་རེད་ཅེས་བཤད།

འདི་ལོ་ནས་བཟུང་སྟག་རྩེ་ཆུས་ཐང་དཀར་ཤང་གིས་མཛེས་སྡུག་ལྡན་པའི་གྲོང་གསེབ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་མཛེས་སྡུག་ལྡན་པའི་སྡོད་གནས་དང་འཚམ་པའི་གྲོང་གསེབ་བསྐྲུན་ཏེ་གཙང་འགྱུར་དང་། སྔོ་འགྱུར། མཛེས་བཟོ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ཧ་ཅང་ལེགས་པར་གྱུར་བ་དང་།དམངས་དོན་དངོས་གཉེར་ཡོང་བར་སྐུལ་འདེད་བཏང་ཡོད། ཐང་དཀར་ཤང་གི་སྒོ་རའི་དཔལ་འབྱོར་དུད་ཚང་དུ་འདེབས་གསོ་བྱེད་པའི་རྣམ་གྲངས(འབྲས་ཤིང་འདེབས་འཛུགས་ཚོད་ལྟའི་རྣམ་གྲངས)ནང་འབྲས་ཤིང་སྣ་ཚོགས་ཁྱོན་3456འདེབས་འཛུགས་བྱས་ཡོད་པ་རེད། དེ་དང་ཆབས་ཅིག་སྟག་རྩེ་ཧུའུ་ཧྥེང་སྐྱེད་ཚལ་ཀུང་སིའི་ཆེད་ལས་ལས་དོན་པ་གདན་དྲངས་ནས་ཡུལ་དངོས་སུ་སྡོང་པོ་འདེབས་འཛུགས་བྱེད་སྟངས་སློབ་ཁྲིད་བྱས་ཏེ་གཙོ་བོ་སྡོང་པོ་འདེབས་འཛུགས་དང་། དྲས་བཟོ། ས་ལུད་ཆུའི་དོ་དམ། ནད་འབུའི་གནོད་འཚེ་འགོག་བཅོས་སོགས་ཀྱི་ཐད་ནས་མང་ཚོགས་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་འབྲེལ་ཡུལ་དངོས་སུ་དོགས་གཞིར་ལན་བརྒྱབ་ནས་མང་ཚོགས་ལ་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཁོང་དུ་ཆུད་པ་དང་འདེབས་འཛུགས་ལག་རྩལ་གྱི་ཆུ་ཚད་མཐོ་རུ་བཏང་སྟེ་མང་ཚོགས་ཞུགས་རྒྱུར་སྤྲོ་སེམས་ཆེ་རུ་ཕྱིན་ཡོད་པ་རེད།

སྟག་རྩེ་ཆུས་ཐང་དཀར་ཤང་ཞིང་འབྲོག་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས་ཀྱི་ཀྲུའུ་རེན་རྡོ་རྗེས་སྒོ་རའི་དཔལ་འབྱོར་ལ་ཤང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཐང་དཀར་ཤང་གི་སྒོ་རའི་དཔལ་འབྱོར་དུད་ཚང་དུ་འདེབས་གསོ་བྱེད་པའི་རྣམ་གྲངས(འབྲས་ཤིང་འདེབས་འཛུགས་ཚོད་ལྟའི་རྣམ་གྲངས)གྲོང་ཚོ་3དང་ཁྱོན་དུད་ཚང་238དང་མ་དངུལ་སྒོར་ཁྲི་800ལྷག་ཙམ་དང་འབྲེལ་བ་ཡོད། ཚན་རྩལ་ཆེད་མངགས་པས་ནུས་པ་འདོན་སྤེལ་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་རོགས་རམ་བྱེད་ཀྱི་ཡོད་ཅེས་བཤད།

ངོ་སྤྲོད་བྱས་པར་གཞིགས་ན། སྒོ་རའི་དཔལ་འབྱོར་གྱི་དུད་ཚང་དུ་འདེབས་གསོ་བྱེད་པའི་རྣམ་གྲངས་དེ་སྟག་རྩེ་ཆུས་ཞིང་ལས་གྲོང་གསེབ་ཅུས་རྣམ་གྲངས་གཞུང་དོན་ཁང་གིས་ལག་བསྟར་བྱེད་འགན་འཁུར་རྒྱུ་དང་འབྲས་ཤིང་ཚང་མ་ལྗོས་ཕྱི་ནས་ནང་འདྲེན་བྱ་རྒྱུ་ཡིན་པ་རེད། རྩ་སྐྱེས་ཕྱེ་མ་དང་། སྐྱེ་ལྡན་ལུད། འདྲེས་སྦྱོར་ལུད། རྨ་ཁར་བྱུགས་རྫས། དྲས་བཟོའི་ཇེམ་ཙེ་སོགས་རྒྱུ་ཆ་མང་ཚོགས་ལ་བགོས་ནས་མང་ཚོགས་ལ་ཡོང་འབབ་ཀྱི་ཐབས་ལམ་གསར་པ་མཁོ་འདོན་བྱས་ཡོད། གྲོང་གསེབ་ཀྱི་བེད་མེད་ཐོན་ཁུངས་གསོན་སྤེལ་བྱེད་པ་ནས་འགོ་བཙུགས་ཏེ་སྟག་རྩེ་ཆུས་ཐང་དཀར་ཤང་གིས་མང་ཚོགས་ཀྱི་ཁང་པའི་རྒྱབ་མདུན་ས་ཆ་ཆུང་ཆུང་དག་སྒོ་རའི་དཔལ་འབྱོར་གྱི་ལས་དོན་ཆེན་པོ་ལེགས་པར་བསྒྲུབ་རྒྱུར་ཁྲིད་སྟོན་བྱས་ནས་ཁང་པའི་རྒྱབ་མདུན་བེད་སྤྱོད་ཡག་པོ་དང་། སྣ་མང་གཉེར་སྐྱོང་ཡོང་འབབ་ཡག་པ། གཙང་ཞིང་གྲལ་བསྒྲིག་པའི་ཁོར་ཡུག་ཡག་པོ་བཅས་ཀྱི་གཞི་རིམ་བཅོས་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱས་པས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པར་མ་ཟད། མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་ཀྱང་ཆེ་རུ་ཕྱིན་ཡོད་ཅེས་བཤད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-24 6 6 拉萨日报藏文 c181455.html 1 ཐང་དཀར་ཤང་གིས་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་བཏང་བས་གཞི་རིམ་ བཅོས་སྐྱོང་ལ་གསོན་ཤུགས་གསར་པ་འཕེལ་བ། /enpproperty-->