ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།འདི་ལོའི་ཟླ་5ཚེས་23ཉིན་ནི་བོད་ལ་ཞི་བའི་བཅིངས་འགྲོལ་བཏང་ནས་ལོ་73འཁོར་བའི་དྲན་གསོའི་ཉིན་མོ་རེད། བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་73སོང་རིང་དུས་ཐུང་ལོ་བཅུ་ཕྲག་ཁ་ཤས་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱིས་མི་ཡུལ་གྱི་ངོ་མཚར་གཏོད་ཡོད། ད་ལྟའི་བོད་ཀྱི་སྤྱི་ཚོགས་ཁྱོན་ཡོངས་ཡུན་རིང་བརྟན་ལྷིང་དང་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། མི་རིགས་ཆོས་ལུགས་ལས་དོན་གསར་གཏོད་དང་སྐུལ་འདེད་བཏང་བ། དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཕྱིན་པ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་ཡོད། ཉིན་ཤས་གོང་སྟོད་ལུང་བདེ་ཆེན་ཆུས་ཨུད་དྲིལ་བསྒྲགས་པུས་ལྗོངས་རིམ་པའི་གཞི་རིམ་གྱི་སྒྲོག་འགྲེལ་པ་རྒན་གྲས་གྲགས་པ་དབང་ལྡན་གདན་དྲངས་ནས་གདོང་དཀར་ཁྲོམ་གཞུང་གདོང་དཀར་སྡེ་ཁུལ་དུ་བོད་ལ་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་73འཁོར་བའི་སྒྲོག་འགྲེལ་སྤེལ་བ་རེད།
རང་ལྗོངས་སུ་དང་ཐོག་མར་བཙུགས་པའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཤིག་ཡིན་པའི་ངོས་ནས་སྟོད་ལུང་བདེ་ཆེན་ཆུས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ལ་སློབ་གསོའི་འགྲེམས་སྟོན་ཁུལ་དང་ལག་ལེན་བྱེད་སྒོའི་ཁུལ་ཞེས་ཁག་གཉིས་སུ་དབྱེ་ཡོད།འདི་གར་ལོ་80ལ་སླེབས་པའི་རྒན་རྒོན་གྲགས་པ་དབང་ལྡན་གྱིས་བོད་རྙིང་པར་ཆོས་སྲིད་གཉིས་ལྡན་གྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་དབང་སྒྱུར་འོག་མི་དམངས་ལ་དམངས་གཙོའི་དབང་ཆ་མེད་ལ་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་བཅས་ཀྱི་དབང་ཆ་ཡང་མེད་པས། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་འགན་ལེན་གཏན་ནས་ཐུབ་ཀྱི་མེད་ཅེས་རང་ཉིད་ཀྱི་ཉམས་མྱོང་དང་ཟུང་འབྲེལ་བྱས་ཏེ་མང་ཚོགས་ཀྱིས་གོ་བདེ་ཤེས་སླ་བའི་སྐད་ཆའི་ཐོག་ནས་ཏང་གི་འགོ་ཁྲིད་འོག་བོད་དུ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་བརྗོད་བཞིན་ཡོད།
རྒན་རྒོན་གྲགས་པ་དབང་ལྡན་གྱིས་སྒྲོག་འགྲེལ་གནང་སྐབས་1951ལོའི་ཟླ་5ཚེས་23ཉིན《གྲོས་མཐུན་དོན་ཚན་བཅུ་བདུན》ལ་མིང་རྟགས་བཀོད་པ་མཚོན་རྟགས་སུ་བྱས་ནས་བོད་ལ་ཞི་བའི་བཅིངས་འགྲོལ་ཐོབ་ཡོད། དུས་དེ་ནས་བཟུང་བོད་ནི་མུན་ནག་ནས་འོད་སྣང་གི་ཕྱོགས་སུ་བསྐྱོད་པ་དང་། རྗེས་ལུས་ནས་ཡར་ཐོན་གྱི་ཕྱོགས་སུ་བསྐྱོད་པ། དབུལ་ཕོངས་ནས་ཕྱུག་པོའི་ཕྱོགས་སུ་བསྐྱོད་པ། སྲིད་དབང་སྒེར་འཛིན་ནས་དམངས་གཙོའི་ཕྱོགས་སུ་བསྐྱོད་པ། བཀག་སྡོམ་ནས་སྒོ་དབྱེའི་ཕྱོགས་སུ་བསྐྱོད་པ་བཅས་བྱས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་དངོས་སུ་བོད་ཀྱི་ལས་དོན་ལ་ཁ་ཕྱོགས་གཏན་འཁེལ་དང་བཀོད་སྒྲིག་གནང་ནས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་ནང་ཞུགས་པ་དང་། བོད་ཀྱི་ལས་དོན་ལ་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་ཐེངས་མང་གནང་ཞིང་། བརྟན་ལྷིང་དང་། འཕེལ་རྒྱས། འབྱུང་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞི་ཁ་གསལ་བཟོས་པ། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་གཏན་འཁེལ་གནང་བ། བོད་དུ་དངོས་སུ་ཕེབས་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་པ། བོད་ཀྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་ཐོན་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་བཏང་ཡོད།
གྲང་ངད་བརྒྱུད་མྱོང་བའི་མི་ཞིག་ཡིན་ཕྱིན།ཉི་མ་དྲོན་མོ་ཡིན་པ་དེ་བས་ཚོར་ཐུབ།མུན་ནག་གི་གནས་སུ་ལྷུང་མྱོང་བའི་མི་ཞིག་ཡིན་ཕྱིན།ད་གཟོད་འོད་སྣང་རྩ་ཆེན་ཡིན་པ་དེ་བས་ཤེས་ཐུབ།སྒྲོག་འགྲེལ་བྱེད་སྒོ་བརྒྱུད་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་པ་མེད་པ་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་མེད་པར་ངོས་འཛིན་གཏིང་ཟབ་བྱུང་ཡོད།ཚང་མས་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ལ་གཅེས་སྤྲས་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་།ཏང་གི་བཀའ་དྲིན་ཚོར་བ།ཏང་གི་རྗེས་སུ་འབྲངས་བ་བཅས་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།སྟོད་ལུང་བདེ་ཆེན་ཆུས་གདོང་དཀར་སྡེ་ཁུལ་གྱི་གྲོང་གསེབ་དར་རྒྱས་གཏོང་བའི་ཆེད་ལས་ལས་བྱེད་པ་རྒྱ་ཚོས་རྒན་རྒོན་གྱི་སྒྲོག་འགྲེལ་ལ་ཉན་རྗེས་ང་ལ་མྱོང་ཚོར་ཟབ་མོ་བྱུང་། ལོ་73རིང་ལ་འགྱུར་ལྡོག་ཆེན་པོ་བྱུང་ནས་གངས་ལྗོངས་ས་མཐོ་མི་ཡུལ་དུ་གྱུར་སོང་།སྤྱི་ཚོགས་ཀྱི་རྣམ་པར་ཉིན་རེ་བཞིན་འགྱུར་ལྡོག་བྱུང་ནས་བོད་མི་དམངས་ཀྱི་འཚོ་བ་ཉིན་རེ་བཞིན་ཡར་རྒྱས་འགྲོ་བཞིན་ཡོད།གཞི་རིམ་གྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ངས་རང་འགན་གཙང་སྒྲུབ་བྱས་ཏེ་མང་ཚོགས་ཀྱི་དཀའ་ངལ་དང་།འཕྲལ་མཁོ།སེམས་ཁྲལ།རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས་གཞི་རིམ་བཅོས་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社