(པར་ངོས་དང་པོར་མཐུད)ཉང་བྲན་ཁྲོམ་གཞུང་གི་གྲོང་ཚོའི(གྲོང་ལྷན)དྲ་མིག་ལས་དོན་པས“ཆེད་ལས”ཐད་འབད་བརྩོན་བྱས་ཏེ། དྲ་མིག་གཡུལ་ས་གཙོ་བོར་བརྩིས་ནས་ཞབས་ཞུ་བ་དང་། ཆ་འཕྲིན་པ། དྲིལ་བསྒྲགས་པ། ཞིབ་བཤེར་པ། འདུམ་འགྲིག་པ་བཅས་སུ་འགྱུར་བར་བྱས་ཤིང་། དྲ་མིག་ལས་དོན་གཏིང་ཟབ་ཏུ་སྤེལ་ནས་ངོ་ཤེས་གཏོང་བ་དང་། སྒོ་བརྡུངས་ནས་ཞབས་ཞུ་སྒྲུབ་པ། རྐང་ལག་ཐང་པོ་མེད་པའི་རྒན་རྒོན་ལ་ཞབས་ཞུ་སྒྲུབ་པ། དཀའ་ངལ་འཕྲད་པའི་མང་ཚོགས་ལ་རོགས་རམ་བྱེད་པ་སོགས་མདོར་ན་གང་ས་གང་དུ་དྲ་མིག་ལས་དོན་པའི་རྒྱབ་གཟུགས་མཐོང་རྒྱུ་ཡོད། ཁོང་ཚོས་ད་དུང་དྲ་རྒྱ་སྤྱད་དེ་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་འདུན་དུས་ཐོག་ཏུ་སྙན་སེང་ཞུ་བ་དང་། ཁྱིམ་ཚང་ཚང་མའི་གཞི་རྩའི་གྲངས་གཞི་བཅོས་པ། ཁེར་སྡོད་རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་འཚོ་བའི་གནས་ཚུལ་ཁོང་དུ་ཆུད་པར་བྱེད་པ། བསྡུས་པའི་གྲངས་གཞི་དེ“ཁུར་པོ་ཆུང་གཏོང”སྟེགས་བུར་འཇོག་པ་སོགས་བྱས་ནས་གཞི་གྲངས་གསལ་པོ་དང་གནས་ཚུལ་གསལ་པོ་ཡོང་བར་བྱེད་པ་དང་། སྲིད་ཇུས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཧུར་ཐག་བྱས་ཏེ། ཡུལ་མི་མང་ཚོགས་ཀྱིས་ཁྱིམ་ཚང་ནས་དོན་མི་དགོས་པར་དུས་ཐོག་ཏུ་ཏང་གི་མཛད་ཕྱོགས་སྲིད་ཇུས་ཤེས་རྟོགས་ཐུབ་པར་བྱེད་པ། མེ་དང་། གློག གསོལ་རླངས་སོགས་ཀྱི་བདེ་འཇགས་ལ་གནོད་པའི་རྐྱེན་ངན་ལ་དོ་སྣང་དམ་ཟབ་བྱས་ཏེ། མང་ཚོགས་ལ་བདེ་འཇགས་ཀྱི་རྒྱུན་ཤེས་ཁྱབ་གདལ་བཏང་ནས་མང་ཚོགས་ཀྱི་བདེ་འཇགས་དང་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། ཁྲོམ་གཞུང་རྒྱུད་ཀྱི་ཚོང་ཁང་དང་གྲོང་མིའི་དུད་ཚང་ལ་དྲ་མིག་ལས་དོན་པའི་འབྲེལ་གཏུག་གཱ་སྦྱར་ནས་འགལ་བ་རྩོད་གཞི་ཐག་གཅོད་རོགས་དང་དམངས་ལ་སྟབས་བདེ་བའི་ཞབས་ཞུ་མཁོ་འདོན་བྱེད་བཞིན་ཡོད་པས། དམངས་ཀྱི་གནས་ཚུལ་དྲ་མིག་ལས་དོན་པས་ཁོང་དུ་ཆུད་ཐུབ་པ་དང་། འགལ་བ་དྲ་མིག་ལས་དོན་པས་སེལ་ཐུབ་པ། གནད་དོན་དྲ་མིག་ལས་དོན་པས་ཐག་གཅོད་བྱེད་ཐུབ་པ། ཞབས་ཞུ་དྲ་མིག་ལས་དོན་སྒྲུབ་ཐུབ་པ་བཅས་མངོན་འགྱུར་བྱུང་ཡོད།
དྲ་མིག་ལས་དོན་པས་ལྷག་བསམ་རྣམ་དག་གིས་ལས་དོན་སྒྲུབ་པ།
ཉང་བྲན་ཁྲོམ་གཞུང་གིས་དཀའ་ངལ་ཡོད་ཚེ་སྡེ་ཁུལ་འཚོལ་བ་དང་དྲ་མིག་ལས་དོན་པ་འཚོལ་བའི་ལས་དོན་སྤེལ་ནས་དྲ་བའི་མི་སྣས་སྟོད་གོས་དམར་པོ་གྱོན་ནས་ལྷག་བསམ་རྣམ་དག་གིས་གནད་དོན་ཐག་གཅོད་བྱེད་བཞིན་ཡོད་པས། ཁྲོམ་གཞུང་གི་གང་སར“དོན་དག་ཡོད་ཚེ་དྲ་མིག་ལས་དོན་པ་འཚོལ་བའི”གོམས་གཤིས་ཤིག་ཆགས་པར་མ་ཟད། དཀའ་ངལ་ཡོད་ཚེ་སྡེ་ཁུལ་འཚོལ་བ་དང་དྲ་མིག་ལས་དོན་པ་འཚོལ་སྙམ་པའི་བསམ་པ་དེ་མི་ཀུན་གྱི་སེམས་སུ་འཇགས་ཡོད། ཚེས་གསུམ་ཐང་སྡེ་ཁུལ་གྱི་སྐོར་སྐྱོད་རྐུབ་སྟེགས་ཆུང་ཆུང+དཔང་ཉན་ཚོགས་འདུ་དང“ཞབས་ཞུ་ཆུང་ཆུང་ལྔ” སྔགས་པ་གླིང་སྡེ་ཁུལ་གྱི་དོན་གྲོས་ཚོགས་འདུ། སྦྱར་གཞི་གྲོང་ཚོའི་ཞིང་ནང་གི་གྲོས་ཚོགས་བཅས་ཀྱིས་མང་ཚོགས་དང་དྲ་མིག་ལས་དོན་པ་ངོ་ཐུག་གདོང་འཕྲད་ཀྱི་སྟེགས་བུ་བསྐྲུན་ནས་མང་ཚོགས་ཀྱིས་ཐད་ཀར་གནས་ཚུལ་ཤོད་པ་དང་། གནད་དོན་དང་བསམ་འཆར་འདོན་པ། དྲ་མིག་མི་སྣས་མང་ཚོགས་ཀྱིས་བཏོན་པའི་བསམ་འཆར་དང་གནད་དོན་རྣམས་ས་ཆ་དེ་གར་ཐོག་གཅོད་ཐུབ་པ་དང་ལན་འདེབས་ཐུབ་པར་བྱེད་པ་དང་། ས་ཆ་དེ་གར་ཐག་གཅོད་མ་ཐུབ་པའི་དོན་དག་རྣམས་ཐོར་བཀོད་ནས་རེ་རེ་བཞིན་འབྲེལ་གཏུག་བྱས་ཏེ། ཐག་གཅོད་བྱེད་བཞིན་ཡོད། རྒྱུན་གཏན་ཅན་གྱི་སྒོ་ནས་དྲ་མིག་ལས་དོན་པའི་ལས་སྒོའི་འགྲན་བསྡུར་བྱེད་སྒོ་དང་། ང་དང་ངའི་དྲ་མིག་ལས་དོན་གྱི་གཏམ་རྒྱུད་གླེང་བའི་བྱེད་སྒོ་སོགས་སྤེལ་ནས་གྲོང་མི་མང་ཚོགས་ལྟད་མོ་བ་དང་དཔྱད་འདེམས་པར་གདན་དྲངས་ཏེ། མང་ཚོགས་ཀྱིས་ཁས་ལེན་བྱེད་མིན་དང་། དགའ་པོ་བྱེད་མིན། བློ་ཡིད་ཚིམ་མིན་བཅས་ཚད་གཞི་གལ་ཆེན་དུ་རྩིས་ཤིང་། དྲ་མིག་ལས་དོན་པའི་ཧུར་སེམས་འཕེལ་བར་བྱེད་པ་དང་། དམངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བཞིན་ཡོད།
དྲ་མིག་ལས་དོན་པས་སྟེགས་བུ་བསྐྲུན་ནས་མང་ཚོགས་ཀྱིས་སེམས་གཏམ་གླེང་རེས་བྱེད་པ།
ཁྲོམ་གཞུང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མི་རིགས་ཕན་ཚུན་སྒར་རེས་རྣམ་པའི་འཕེལ་རྒྱས་འཆར་གཞིར་སྐུལ་འདེད་གཏོང་བ་གཙོ་གནད་དུ་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཞི་མཐུན་གྱི་ཁྲོམ་གཞུང་མཉམ་དུ་གཏོད་བཞིན་ཡོད།
ཆུ་མིག་གླིང་གྲོང་ཚོས“གྲོང་མི་གསར་པའི་གཉེན་ཉེའི་ལས་འཛིན་ལྷན་ཚོགས”བཙུགས་ནས་ཁྱིམ་མཚེས་དབར་གྱི་མཛའ་མཐུན་མངོན་འགྱུར་བྱུང་སྟེ། བློ་བདེ་པོས་གནད་དོན་ཕྲན་ཚེགས་འདུམ་འགྲིག་བྱེད་པ་དང་། བརྩེ་བ་ཟབ་མོས་ཞབས་ཞུ་ཕྲན་ཚེགས་སྒྲུབ་པ། གཅེས་སེམས་བཅངས་ནས་དགེ་ལས་ཕྲན་ཚེགས་སྒྲུབ་པ། སེམས་ལ་འཇགས་པའི་དྲིལ་བསྒྲགས་ཕྲན་ཚེགས་བྱེད་པ་སོགས་ཀྱི་སྒོ་ནས་ཁྱིམ་མཚེས་དབར་མཛའ་ཞིང་མཐུན་ཐབས་བྱེད་བཞིན་ཡོད། སྤྱི་སོ་གྲོང་ཚོས་དྲ་མིག་ཅན་གྱི་མ་ལག་བཙུགས་ནས་འཕྲལ་སྡོམ་ཚན་པ་ཆུང་ངུ་བསྐྲུན་ཏེ། སྤྱི་ཚོགས་སྔར་བས་བདེ་འཇགས་བྱུང་བ་དང་། ཉེ་འཁོར་གྱི་གྲོང་མི་རྣམས་གློ་བུར་དོན་རྐྱེན་འཕྲལ་སྡོམ་ཚན་པ་ཆུང་ངུར་བཅུག་པར་མ་ཟད། སེ་ར་དགོན་གྱི་མེ་ཟོན་རོགས་སྐྱོབ་རུ་ཆེན་དང་ཁོངས་གཏོགས་ཁུལ་གྱི་མི་དམངས་ཉེན་རྟོག་པ་དང་མཉམ་འབྲེལ་བྱས་ཏེ། འཕྲལ་སྡོམ་དང་། ཆུ་ལོག་སྔོན་འགོག མེ་ཟོན་སོགས་ཀྱི་ནང་སྦྱོང་བྱེད་བཞིན་ཡོད། བྱེ་རགས་གྲོང་ཚོས“ཏང་དང་མང་ཚོགས་ཀྱི་མནའ་འབྲེལ་ཆུང་ངུ”བཙུགས་ནས་མནའ་འབྲེལ་དེ་འབྲེལ་ཐག་དང་ཟམ་པ་ལྟ་བུར་བརྩིས་ནས་ཚོང་དུད་སྤུས་ལེགས་ལ“ཡིད་རྟོན་རུང་བའི་དཔེ་སྟོན་ཚོང་ཁང”གི་བྱང་བུ་སྤྲད་པས་ཚོང་དུད་ཀྱི་དཔེ་སྟོན་ནུས་པ་ཆེ་རུ་དང་ཡིད་རྟོན་རུང་བའི་རྣམ་པ་བཟང་དུ་བཏང་ཞིང་། “ཁག་གཅིག་ལ་དཔེ་སྟོན་པ་དང་། ཁག་གཅིག་ཁྲིད་པ། ཁག་གཅིག་ལ་ཤུགས་རྐྱེན་ཐེབས་པ”བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།
ད་ཆ་ཉང་བྲན་ཁྲོམ་གཞུང་ཁོངས་གཏོགས་ཁུལ་དུ་འཚོ་བ་སྐྱེལ་བཞིན་པའི་མི་རིགས་ཁག་གི་མང་ཚོགས་དབར་འགྲོ་འོང་འཆམ་མཐུན་དང་ཕན་ཚུན་རོགས་རམ་གྱི་རྣམ་པ་བཟང་པོ་ཞིག་ཆགས་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་རྒྱུ་དེ་གྲོང་མི་མང་ཚོགས་ཀྱི་ཐུན་མོང་གི་བསམ་འདུན་དང་རང་རྟོགས་ཀྱི་བྱ་སྤྱོད་དུ་གྱུར་ཡོད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社