分享按钮

རང་གྲོང་གིས་ཕྱོགས་ཡོངས་ནས་ཤིང་བལ་འགོག་བཅོས་ཀྱི་ལས་དོན་སྤེལ་འགོ་ཚུགས་པ།

ཤིང་བལ་ལ་མེ་འབར་སླ་བས་ཐ་རོ་གང་བྱུང་དུ་གཡུག་མི་ཉན།

པར་འདི་ནི་ལས་དོན་མི་སྣས་རྒྱ་ལྕང་ལ་རྩི་ཤིང་སྐྱེ་འཚར་སྙོམས་སྒྲིག་གི་སྨན་ཁབ་རྒྱག་བཞིན་པའི་རྣམ་པ་ཡིན།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་ལྔ་པའི་རླུང་བུ་ལྡང་བ་དང་བསྟུན་ནས་རྒྱ་ལྕང་སྔོ་ཐིང་ཐིང་དུ་གྱུར་བ་དང་།“གངས་ལྟ་བུའི་ཤིང་བལ”གང་སར་ལྷབ་ལྷུབ་ཏུ་གཡོ་ཞིང་ཡོད་མོད།འོན་ཀྱང་མཛེས་ལྗོངས་དེའི་རྒྱབ་ཏུ་རྒྱ་ལྕང་གི་ཤིང་བལ་གང་སར་འཁྱེར་བས་གྲོང་ཁྱེར་གྱི་ཁོར་ཡུག་ལ་སྦགས་བཙོག་བཟོས་པ་ཞིག་ཡིན་ལ་གྲོང་མིའི་བདེ་ཐང་དང་།མེ་ཟོན་བདེ་འཇགས། ཐོན་སྐྱེད་བདེ་འཇགས་ཀྱི་སྒྲིག་ལམ་བཅས་ལ་འཇིགས་སྐུལ་བཟོ་བའི་རྒྱུ་རྐྱེན་གྱི་གྲས་ཤིག་ཏུ་གྱུར་ཡོད། འགྲན་སློང་དེའི་མདུན་དུ་ཁྲེང་ཀོན་ཆུས་ཅེ་ཏ་སྐྱེད་ཚལ་ཀུང་སིས“སྔ་ཙམ་བཅོས་སྒྲིག་དང་ཤིང་བལ་འཕྲལ་དུ་འགོག་བཅོས་བྱེད་པའི”རྩ་དོན་གཞིར་བཟུང་།ཕྱོགས་ཡོངས་ནས་ཤིང་བལ་འགོག་བཅོས་ཀྱི་ལས་དོན་སྤེལ་འགོ་ཚུགས་ཏེ་གྲོང་མིའི་ཆེད་དུ་བདེ་འཇགས་དང་།གཙང་བ། འཚོ་སྡོད་ལ་འཚམ་པ་བཅས་ཀྱི་ཁོར་ཡུག་ཅིག་བཏོད་ཡོད་པ་རེད།

ཟླ་5ཚེས་21ཉིན། གསར་འགོད་པར་སེ་ར་བྱང་ལམ་དུ་ཁྲེང་ཀོན་ཆུས་ཅེ་ཏ་སྐྱེད་ཚལ་ཀུང་སིའི་ལས་དོན་མི་སྣས་ལམ་དུམ་དེའི་གཙོ་ལམ་གཡས་གཡོན་གྱི་ཤིང་རྒྱ་ལྕང་ལ་མིང་ལ་རླམ་དམར་སྐྱུར་ཟེར་བའི་རྩི་ཤིང་གི་སྐྱེ་འཚར་སྙོམས་སྒྲིག་གི་སྨན་ཁབ་ཅིག་རྒྱག་བཞིན་ཡོད་པ་དང་། ལས་དོན་མི་སྣས་ཤིང་གི་སྦོམ་ཕྲར་གཞིགས་ནས་གློག་གསོར་གྱི་ཁུང་བུ་ཆུང་ཆུང་རེ་རེ་འབིགས་པ་དང་།དེ་ནས་སྨན་ཁུང་བུའི་ནང་དུ་བླུགས་ཀྱི་ཡོད། ཤིང་སྡོང་ལ་རྩི་ཤིང་སྐྱེ་འཚར་སྙོམས་སྒྲིག་གི་སྨན་ཁབ(རླམ་དམར་སྐྱུར)བརྒྱབ་པ་བརྒྱུད་ཤིང་སྡོང་གི་ལོ་གཉིས་པའི་མེ་ཏོག་གི་མྱུ་གུ་དབྱེ་འབྱེད་བྱེད་ཤུགས་ཆུང་དུ་བཏང་ནས་མེ་ཏོག་གི་མྱུ་གུ་དེ་ལོ་མའི་མྱུ་གུར་འགྱུར་བར་བྱས་ཏེ་ཤིང་བལ་གང་སར་འཁྱེར་བའི་གནད་དོན་ཉུང་དུ་གཏོང་བའི་དམིགས་ཡུལ་འགྲུབ་ཐབས་བྱེད་ཀྱི་ཡོད། བྱ་ཐབས་དེ་བཀོལ་སྤྱོད་སྟབས་བདེ་བ་དང་། སྨན་ཡུན་རིང་བ་མ་ཟད། སྦགས་བཙོག་མེད་ལ་སྨན་གྱི་གནོད་འཚེ་ཡང་མེད་པ་ཤེས་རྟོགས་བྱུང་བ་རེད།

ཁྲེང་ཀོན་ཆུས་ཅེ་ཏ་སྐྱེད་ཚལ་ཀུང་སིའི་ལག་རྩལ་བློ་འདྲི་བ་ཧོང་མིང་གིས་ལོ་ལྟར་གྱི་ཟླ་4པ་དང་5པའི་བར་ང་ཚོས་དུས་ཡུན་ཟླ་ཕྱེད་རིང་གི་ཤིང་བལ་འགོག་བཅོས་ཀྱི་ལས་དོན་སྤེལ་བཞིན་ཡོད། ད་ལོ་སེ་ར་ལམ་དང་།དོག་སྡེ་ལམ།གླིང་སྐོར་ལམ།རྔ་ཆེན་ལམ།ཉང་བྲན་ལམ་སོགས་ལམ་དུམ་15ཡི་རྒྱ་ལྕང་གི་ཤིང་སྡོང་3000ལྷག་ཙམ་ལ་ཤིང་བལ་འགོག་བཅོས་བྱ་རྒྱུ་ཡིན་ཞེས་བཤད།

ཤིང་སྡོང་ལ་རྩི་ཤིང་སྐྱེ་འཚར་སྙོམས་སྒྲིག་གི་སྨན་ཁབ་བརྒྱབ་པ་དང་།དུས་ཐོག་ཏུ་གཙང་བཤེར་དང་བསྡུ་རུབ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བྱས་པས་ཁྲེང་ཀོན་ཆུས་ཅེ་ཏ་སྐྱེད་ཚལ་ཀུང་སིར་ཤིང་བལ་འགོག་བཅོས་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད། གྲོང་ཁུལ་གྱི་ཤིང་བལ་གང་སར་འཁྱེར་བའི་གནད་དོན་ལ་རྒྱུན་མཐུད་ངང་ནུས་ལྡན་གྱི་ལེགས་བཅོས་བྱུང་ཡོད། ཕྱིས་འབྱུང་། ཀུང་སི་དེས་ཤིང་བལ་འགོག་བཅོས་ཀྱི་ལས་དོན་ཚན་རིག་ཅན་དང་།ཞིབ་ཚགས་ཅན་དུ་འགྱུར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས་རྒྱ་ཆེའི་གྲོང་མིར་དེ་བས་སྤུས་ལེགས་ཀྱི་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

ལོ་ལྟར་ཟླ་5པ་ནས་6པའི་བར་ནི་ལྷ་སར་ཤིང་བལ་གང་སར་འཁྱེར་བའི་གནད་དོན་ཚབས་ཆེ་བའི་དུས་སྐབས་ཤིག་ཡིན་པ་དང་།གལ་ཏེ་ཕྱིར་སྐྱོད་དགོས་ཚེ་ཁ་རས་དང་།མིག་ཤེལ་ནག་པོ། སེང་རས་སོགས་གྱོན་ནས་ཤིང་བལ་གྱི་གནོད་འཚེར་དངོས་ལུགས་ཀྱི་ཐོག་ནས་འགེབས་སྲུང་ནུས་ལྡན་བྱེད་དགོས་པ་དང་། གལ་སྲིད་ཤིང་བལ་གཟབ་གཟབ་མ་བྱས་པར་མིག་ནང་འཛུལ་ཚེ་ཐད་ཀར་ལག་པས་མ་འཕུར་བར་ཆུ་གཙང་མས་མིག་འཁྲུ་དགོས་པ། ཤིང་བལ་ནི་འབར་སླ་བས་ཕྱི་རོལ་དུ་ཐ་རོ་གང་བྱུང་དུ་གཡུག་མི་ཉན་པ་དང་། ཤིང་བལ་སྤུང་གསོག་ཐེབས་པ་མཐོང་ཚེ་དུས་ཐོག་ཏུ་གཙང་སེལ་བྱས་ནས་མེ་སྐྱོན་མི་ཐོན་པ་བྱེད་དགོས། དེ་དང་ཆབས་ཅིག་ཤིང་བལ་འགོག་བཅོས་ཀྱི་གཙོ་གནད་ལམ་དུམ་ཐོག་ཤིང་སྡོང་ལ་བརྒྱབ་པའི་སྨན་གཟའ་འཁོར་གཅིག་བཞག་དགོས་པ་དང་།ཤིང་སྡོང་ལ་ཡོངས་སུ་སིམས་པ་བྱེད་དགོས་པས་དེ་དོན་རྒྱ་ཆེའི་གྲོང་མི་མང་ཚོགས་ཀྱིས་ཤིང་སྡོང་ཐོག་གི་རྩི་ཤིང་སྐྱེ་འཚར་སྙོམས་སྒྲིག་གི་སྨན་རྫས་ལ་རེག་མི་རུང་བའི་དྲན་སྐུལ་ཞུ་རྒྱུ་དང་། གཟའ་འཁོར་གཅིག་སོང་རྗེས་སྐྱེད་ཚལ་ལས་དོན་མི་སྣས་སྨན་སྣོད་ཤིང་སྡོང་ཐོག་ནས་བཀོག་ཏེ་ཁུང་བུ་བཀག་རྒྱུ་ཡིན་པ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-23 ཤིང་བལ་ལ་མེ་འབར་སླ་བས་ཐ་རོ་གང་བྱུང་དུ་གཡུག་མི་ཉན། 6 6 拉萨日报藏文 c181426.html 1 རང་གྲོང་གིས་ཕྱོགས་ཡོངས་ནས་ཤིང་བལ་འགོག་བཅོས་ཀྱི་ལས་དོན་སྤེལ་འགོ་ཚུགས་པ། /enpproperty-->