ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་21ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཡིས་ཧྲང་ཧའེ་ཕུའུ་ཏུང་འཕེལ་རྒྱས་དངུལ་ཁང་ཏང་ཨུད་ཀྱི་ཨུ་ཡོན་དང་ཧང་ཀྲང་གཞོན་པ་ཞེ་ཝེ་བཅས་པ་དང་བཞུགས་མོལ་གནང་སྟེ་ཕྱོགས་གཉིས་པོས་སྲིད་གཞུང་དང་དངུལ་ཁང་གི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་གཉིས་ཕན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་སྤེལ་རེས་གཏིང་ཟབ་གནང་བ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཀྲང་ཁྲུན་དབྱང་དང་། གྲོང་ཁྱེར་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལིའུ་ལེང་བཞུགས་མོལ་ནང་ཞུགས་ཡོད།
ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་ཞུས་ནས་ཞེ་ཝེ་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་པ་རེད། ཁོང་གིས་སྔར་ནས་བཟུང་ཧྲང་ཧའེ་ཕུའུ་ཏུང་འཕེལ་རྒྱས་དངུལ་ཁང་ནི་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཀྱི་འབྲེལ་འདྲེས་ནང་ཧུར་ཐག་ཞུགས་ནས་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་གྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོར་རྒྱབ་སྐྱོར་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། མིག་སྔར་ལྷ་ས་གྲོང་ཁྱེར་གྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་བཞིན་ཡོད། གྲོང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་གྲོང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དམིགས་ཚད་དང་ལས་འགན་གཏན་འཁེལ་བྱས་ཏེ་ནུས་ཤུགས་ཡོད་རྒུ་བཏོན་ནས“བྱེད་ནུས་ཁུལ་ཆེན་པོ་གསུམ”ཤུགས་ཆེར་གཏོང་བ་དང་། “ལས་རྣམ་ལྔའི་འཕེལ་རྒྱས་ཁུལ”ལེགས་སུ་གཏོང་བ། “ཐོན་ལས་ཆེན་པོ་དགུ”སྟོབས་ཆེར་གཏོང་བཞིན་ཡོད། ཧྲང་ཧའེ་ཕུའུ་ཏུང་འཕེལ་རྒྱས་དངུལ་ཁང་གིས་ལྷ་སར་མུ་མཐུད་གཞི་ཚུགས་པར་བྱས་ནས་དངུལ་ཁང་དང་ཁེ་ལས་དབར་འབྲེལ་མཐུད་མཉམ་ལས་བྱ་རྒྱུར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་དངུལ་རྩའི་མཁོ་སྤྲོད་ཕུན་སུམ་ཚོགས་སུ་བཏང་སྟེ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། གྲོང་ཁྱེར་གསར་སྒྱུར། གཙང་དག་གི་ནུས་རྒྱུ་གསར་སྤེལ། ས་ཁང་བདག་ཁོངས་ལས་རིགས་འཕེལ་རྒྱས་སོགས་ཀྱི་ཐད་མཉམ་ལས་སྔར་བས་གཏིང་ཟབ་བྱས་ཏེ་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད། ལྷ་ས་གྲོང་ཁྱེར་གྱིས་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་འབྲེལ་མཐུད་བྱེད་པའི་ལས་སྟེཊ་སྔར་བས་ལེཊ་པར་བསྐྲུན་ཏེ་ནུས་ཤུགས་ཡོད་རྒུས་ཧྲང་ཧའེ་ཕུའུ་ཏུང་འཕེལ་རྒྱས་དངུལ་ཁང་འདི་ཉིད་ལྷ་སར་འཕེལ་རྒྱས་འགྲོ་བར་ཆ་རྐྱེན་བཟང་པོ་བསྐྲུན་ནས་དངུལ་རྩའི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།
ཞེ་ཝེ་ཡིས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཧྲང་ཧའེ་ཕུའུ་ཏུང་འཕེལ་རྒྱས་དངུལ་ཁང་འདི་ཉིད་ལྷ་སར་འཕེལ་རྒྱས་འགྲོ་བར་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ལྷ་ས་གྲོང་ཁྱེར་གྱི་ཉེ་བའི་ལོ་ཤས་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་གྲུབ་འབྲས་ལ་རྟེན་འབྲེལ་ཞུས་ཤིང་། དངུལ་ཁང་གི་གཞི་རྩའི་གནས་ཚུལ་དང་། འཕེལ་རྒྱས་ཀྱི་བརྒྱུད་རིམ། ལས་སྒོའི་ཚན་པ་བཅས་ངོ་སྤྲོད་བྱས་པ་རེད། ཁོང་གིས་ཧྲང་ཧའེ་ཕུའུ་ཏུང་འཕེལ་རྒྱས་དངུལ་ཁང་གིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ལྷ་སའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱས་ཏེ་འཇུག་སྒོ་དང་ཤུགས་རྒྱག་ས་སྔར་བས་ཡང་དག་བཙལ་ནས་དངོས་སྒྲུབ་མཉམ་ལས་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་སྤུས་ཚད་མཐོ་བའི་དངུལ་རྩའི་ཞབས་ཞུའི་ཐོག་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་ཐོན་རྒྱུ་རེད་ཅེས་བཤད་པ་རེད།
ཧྲང་ཧའེ་ཕུའུ་ཏུང་འཕེལ་རྒྱས་དངུལ་ཁང་གི་ལིའུ་ལིང་དང་། ལུའུ་ཝེ། ལི་ལིན། ཀྲེང་ཝེ། ཝང་ཀྲི་ཧུའེ་བཅས་དང་། ཁྲེང་ཀོན་ཆུས་དང་། གྲོང་ཨུད་སྲིད་ཇུས་ཞིབ་འཇུག་ཁང་། གྲོང་ཁྱེར་མ་འཇོག་ཀུང་སི་བཅས་ཀྱི་འགན་འཁུར་བ་གཙོ་བོ་བཞུགས་མོལ་ནང་ཞུགས་ཡོད་པ་རེད།(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社