ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་5ཚེས་20ཉིན།གསར་འགོད་པས་གྲོང་ཁྱེར་གནམ་གཤིས་ལས་ཁུངས་ནས་ཤེས་རྟོགས་བྱུང་བར།གཟའ་འཁོར་གོང་མར་རང་གྲོང་དུ་ཆར་ཆུ་ཅུང་ཉུང་བ་དང་ཤར་རྒྱུད་ཀྱི་མལ་གྲོ་གུང་དཀར་རྫོང་དང་བྱང་རྒྱུད་ཀྱི་འདམ་གཞུང་རྫོང་དུ་ཆར་ཆུ་བལྟོས་བཅས་ཀྱིས་མང་བ་དང་། ཤང་དང་གྲོང་རྡལ་ཁག་གཅིག་ཏུ་ཤུགས་ཚད་ཅུང་ཆེ་བ་བཅས་འབབ་ཡོད། ལྷུན་གྲུབ་རྫོང་དང་སྙེ་མོ་རྫོང་དུ་ཉིན་1ནས་3བར་ལྷགས་པ་བརྒྱབ་ཡོད་པ་རེད། གཟའ་འཁོར་གྱི་ཆར་ཆུ་འབབ་ཚད་དེ་ལོ་རེའི་དུས་མཚུངས་དང་བསྡུར་ན་ས་གནས་ཁག་ཚང་མར་ཉུང་དུ་ཕྱིན་ཡོད་པ་རེད། གཟའ་འཁོར་རེར་ཆ་སྙོམས་དྲོད་ཚད་དེ་ལོ་རེའི་དུས་མཚུངས་དང་བསྡུར་ན་རང་གྲོང་གི་ས་ཆ་མང་ཆེ་བར་ཧྲེ་ཧྲི་ཏུའུ་1ནས་2བར་མཐོ་བ་ཡོད་པ་རེད།
སྔོན་དཔག་བྱས་ན་གཟའ་འཁོར་འདིའི་དུས་དཀྱིལ་དང་དུས་མཇུག་ཏུ་རང་གྲོང་དུ་ཆར་ཆུ་འབབ་པའི་གནམ་གཤིས་མང་ཞིང་། ཡར་ཀླུང་གཙང་པོའི་བརྒྱུད་དུ་ལྷགས་པ་རིམ་པ་4ཡས་མས་དང་ས་བབ་མཐོ་བའི་ས་ཁུལ་དུ་ལྷགས་པ་རིམ་པ་7ཡས་མས་རྒྱག་རྒྱུ་རེད། གནམ་གཤིས་ཀྱི་བརྒྱུད་རིམ་གཙོ་བོ་ནི། གཟའ་ཟླ་བ་ནས་གཟའ་ལྷག་པའི་བར་དུ། རང་གྲོང་དུ་སྤྲིན་པ་ཉུང་བ་ནས་སྤྲིན་པ་མང་པོ་འཁོར་རྒྱུ་རེད། གཟའ་ཕུར་བུ་ནས་གཟའ་པ་སངས་བར་རྫོང(ཁུལ)ཁག་ཏུ་གནམ་འཐིབས་ནས་ཆར་པ་ཆུང་བའམ་འབྲུག་ཆར་འབབ་རྒྱུ་དང་། ས་ཆ་ཁ་ཤས་སུ་ཆར་པ་འབྲིང་ཙམ་འབབ་རྒྱུ་དང་། གཟའ་སྤེན་པ་ནས་གཟའ་ཉི་མའི་བར། ས་གནས་ཁག་ཏུ་སྤྲིན་པ་མང་ཞིང་། ས་ཆ་ཁ་ཤས་སུ་ཆར་ཆུ་དང་འབྲུག་ཆར་འབབ་རྒྱུ་རེད། གྲོང་ཁྱེར་གནམ་གཤིས་ལས་ཁུངས་ཀྱིས་གཟའ་འཁོར་འདིའི་དུས་དཀྱིལ་དང་དུས་མཇུག་ཏུ་ཆར་ཆུ་འབབ་པའི་གནམ་གཤིས་མངོན་གསལ་དོད་པོ་ཐོན་ནས་ས་ཁུལ་ཁ་ཤས་ཀྱི་ཆུ་ལོག་དང་། འདམ་རྡོའི་ཆུ་རུད། རི་ཉིལ་བ་སོགས་ས་གཤིས་ཀྱི་གནོད་འཚེ་སྔོན་འགོག་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། དུས་མཚུངས་སུ་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལས་དོན་ཡག་པོ་བསྒྲུབ་དགོས། ཕྱི་དྲོའི་རྗེས་དང་མཚན་མོ་འབྲུག་ཆར་དང་ལྷགས་པ་ཆེན་པོ་དང་། སེར་བ་དང་ཆར་ཆུ་དྲག་པོ་སོགས་གཏད་རྒྱུག་རང་བཞིན་གྱི་གནམ་གཤིས་འབྱུང་སླ་བས་དོགས་ཟོན་བྱ་དགོས་པའི་གྲོས་འགོ་བཏོན་པ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社