分享按钮

རིག་ལྡན་ཁོར་ཡུག་འཕྲོད་བསྟེན་མ་ལག་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་རོགས་རམ་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ད་ལོ་ནས་བཟུང་། སྟག་རྩེ་ཆུས་ཀྱིས་སྲིད་གཞུང་དང་ཁེ་ལས་མཉམ་འབྲེལ་ཐོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་གཞི་གཅིག་ཅན་དུ་འགྱུར་བའི་འཁོར་སྐྱོད་བྱེད་སྟངས་གསར་པ་གསར་གཏོད་དང་ལག་བསྟར་བྱས་ཏེ། རིག་ལྡན་ཁོར་ཡུག་འཕྲོད་བསྟེན་མ་ལག་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་འཕྲོད་བསྟེན་གཞི་ཁྱོན་ཅན་དང་། ཆེད་ལས་ཅན། ཁྲོམ་ར་ཅན། རིག་ལྡན་ཅན་བཅས་ཀྱི་འཁོར་སྐྱོད་མངོན་འགྱུར་བྱུང་ནས་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་རིམ་གྱིས་མཛེས་སུ་གཏོང་བཞིན་ཡོད་པ་རེད།

བོད་ལྗོངས་མཐོ་གཙང་ཁོར་ཡུག་སྔོ་འགྱུར་ལས་གྲྭ་ཚད་ཡོད་ཀུང་སིའི་གྲངས་རིག་གཉེར་སྐྱོང་བཀོད་འདོམས་ལྟེ་གནས་སུ་སླེབས་སྐབས། གསར་འགོད་པས་ལས་སྒྲུབ་པས་བརྙན་ཤེལ་ཆེན་པོར་བརྟེན་ནས་ཁོར་ཡུག་འཕྲོད་བསྟེན་གྱི་ལས་སྒྲུབ་རླངས་འཁོར་བདེ་འཇགས་ངང་འཁོར་སྐྱོད་དང་། ལས་སྒྲུབ་ཀྱི་བརྒྱུད་རིམ། ལས་སྒྲུབ་ཀྱི་ཕན་འབྲས་སོགས་ཀྱི་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་ཞིབ་བྱེད་པ་དང་། སྒྲིག་སྲོལ་ལས་འགལ་བའི་གནས་ཚུལ་ཡོད་པ་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་བཅོས་སྒྲིག་བྱེད་དགོས་པའི་ཁྲིད་སྟོན་བྱེད་ཀྱི་ཡོད་པ། དེ་དང་ཆབས་ཅིག་མ་ལག་གིས་རྒྱང་ནས་འཚོལ་བསྡུ་བྱས་པའི་གྲངས་གཞི་དེ་རྣམས་གསོན་ཉམས་ལྡན་པའི་ཐད་མཐོང་གི་རི་མོ་དང་རེའུ་མིག་ཏུ་བསྒྱུར་ནས་དུས་ཐོག་ཏུ་ལྟ་སྐུལ་ཚོད་འཛིན་གྱི་བརྙན་ཤེལ་ཆེན་པོའི་ཐོག་མངོན་གྱི་ཡོད་པ་མཐོང་བ་རེད།

བོད་ལྗོངས་མཐོ་གཙང་ཁོར་ཡུག་སྔོ་འགྱུར་ལས་གྲྭ་ཚད་ཡོད་ཀུང་སིའི་སྟག་རྩེ་གྲོང་ཁྱེར་ཕྱོགས་བསྡུས་ཞབས་ཞུའི་རྣམ་གྲངས་ཕྱོགས་བསྡུས་པུའི་ཅིང་ལི་ཙུའོ་ཧུང་པོས་རིག་ལྡན་ཁོར་ཡུག་འཕྲོད་བསྟེན་མ་ལག་གིས་གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་དང་། གྲོང་དོན་སྲུང་སྐྱོང་། སྡེ་ལས་དོ་དམ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་དོ་དམ་ཆུ་ཚད་མཐོ་རུ་བཏང་ནས་སྲོལ་རྒྱུན་གྱི་མིས་མི་ལ་དོ་དམ་དང་། མིས་མི་ལ་ལྟ་སྐུལ་བྱེད་པའི་དོ་དམ་བྱེད་སྟངས་དེ་གྲངས་གཞིས་མི་ལ་དོ་དམ་དང་། གྲངས་གཞིས་མི་ལ་སྐུལ་མ་གཏོང་བའི་རྣམ་པ་གསར་པར་རིམ་སྤོར་བྱས་ཏེ། གཉེར་སྐྱོང་ཞིབ་ཚགས་ཅན་གྱི་དོ་དམ་མངོན་འགྱུར་བྱུང་ཡོད་ཅེས་བཤད།

རིག་ལྡན་ཁོར་ཡུག་འཕྲོད་བསྟེན་མ་ལག་གིས་ཁོར་ཡུག་འཕྲོད་བསྟེན་གཉེར་སྐྱོང་གི་གྲངས་གཞི་གལ་ཆེན་མཁོ་འདོན་བྱེད་ཀྱི་ཡོད་པ་དང་། དེ་ནི་གྲོང་ཁྱེར་གྱི་དྲ་བ་གཅིག་གིས་གཅིག་འདོམས་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་རེད། ལས་སྟེགས་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་། ཀུང་སིས་མི་སྣ་དང་རླངས་འཁོར་སོགས་ལ་བློ་གྲོས་ཀྱི་སྒྲིག་ཆས་མཁོ་འདོན་བྱས་ཡོད། ལས་སྒྲུབ་པས་རིག་ནུས་ལས་སྒྲུབ་བྱང་བུ་བཏགས་པ་ལ་བརྟེན་ནས་མི་སྣའི་ལས་ཞུགས་རྟོག་ཞིབ་རང་འགུལ་ཅན་མངོན་འགྱུར་བྱུང་ནས། ལས་སྒྲུབ་པ་ལས་གནས་སུ་ཞུགས་ཚད་དང་བདེ་འཇགས་ལ་འགན་ལེན་བྱས་ཡོད། ལས་སྒྲུབ་རླངས་འཁོར་ལ་རླངས་འཁོར་བརྙན་ལམ་གཞི་གཅིག་ཅན་གྱི་སྒྲིག་ཆས་སྒྲིག་སྦྱོར་བྱས་པ་བརྒྱུད། ལས་སྒྲུབ་གནས་ཡུལ་དང་རྣམ་པར་ལྟ་ཞིབ་ཚད་ལེན་དང་ཟིན་འགོད་བྱེད་ཐུབ་པས་ལས་སྒྲུབ་རླངས་འཁོར་གྱི་ལས་ཕྱོད་ཆེ་རུ་བཏང་བར་མ་ཟད། གཞོགས་འདེགས་ཁ་ལོ་བའི་མ་ལག་སྤྱད་དེ་རླངས་འཁོར་འཁོར་སྐྱོད་ཀྱི་བདེ་འཇགས་ལ་འགན་ལེན་ཐུབ་ཀྱི་ཡོད་པ་རེད།

གཞན་ཡང་། ལས་སྒྲུབ་པས་ད་དུང་ཡུལ་དངོས་སུ་ལྟ་ཞིབ་དང་ཟུང་འབྲེལ་བྱས་ནས་ཐོན་ཁུངས་གཅིག་གྱུར་བཀོད་གཏོང་དང་མཐུན་སྦྱོར་ཡོང་བར་བྱས་ཡོད་པས། ཡུལ་དངོས་ཀྱི་ལས་ཀའི་ལས་ཕྱོད་ཆེ་རུ་བཏང་བ་དང་། ཡུལ་དངོས་ཀྱི་ལས་ཀའི་སྤུས་ཚད་ལ་འགན་ལེན་ཐུབ་པར་མ་ཟད། རྗེས་མའི་ཐབས་ཇུས་ལ་གྲངས་གཞིའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་པ་རེད།

བོད་ལྗོངས་མཐོ་གཙང་ཁོར་ཡུག་སྔོ་འགྱུར་ལས་གྲྭ་ཚད་ཡོད་ཀུང་སིའི་སྟག་རྩེ་གྲོང་ཁྱེར་ཕྱོགས་བསྡུས་ཞབས་ཞུའི་རྣམ་གྲངས་སྡེ་ལས་པུའི་ཅིང་ལི་ཝང་ལིན་གྱིས་མ་ལག་དེ་བརྒྱུད་ལས་སྒྲུབ་པའི་འཁོར་སྐྱོད་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱས་ཚེ། ང་ཚོས་ཚོགས་ཆུང་དེའི་ལས་སྒྲུབ་པའི་ལས་ཕྱོད་དང་གནས་ཚུལ་ལ་ཤེས་རྟོགས་ཐུབ་པར་མ་ཟད། ད་དུང་ལས་ཀའི་ཁྲོད་ཐོན་པའི་གནད་དོན་ཏེ། དཔེར་ན། དུས་ཐོག་ཏུ་གཙང་སྦྲ་མ་བྱས་པ་དང་། གཙང་སྦྲ་ཡག་པོ་མ་བྱུང་བ་སོགས་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་ཐུབ་ནས་ཁོར་ཡུག་གི་གཙང་སྦྲར་འགན་ལེན་བྱེད་ཐུབ་ཀྱི་ཡོད་ཅེས་བཤད།

རིག་ལྡན་ཁོར་ཡུག་འཕྲོད་བསྟེན་མ་ལག་ལ་བརྟེན་ནས་ལས་སྒྲུབ་པས་དྲ་ཐོག་དང་དྲ་ཕྱི་ནས་མཉམ་དུ་དོ་དམ་བྱེད་པའི་དོ་དམ་བྱེད་སྟངས་བརྒྱུད། གཞི་རིམ་བཅོས་སྐྱོང་ཞིབ་ཚགས་ཅན་དང་བློ་གྲོས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་ཐུབ་ཀྱི་ཡོད་པ་རེད།

བོད་ལྗོངས་མཐོ་གཙང་ཁོར་ཡུག་སྔོ་འགྱུར་ལས་གྲྭ་ཚད་ཡོད་ཀུང་སིའི་སྟག་རྩེ་གྲོང་ཁྱེར་ཕྱོགས་བསྡུས་ཞབས་ཞུའི་རྣམ་གྲངས་ཀྱི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཧོ་ཅ་དབྱིན་གྱིས་ཕྱིས་འབྱུང་ང་ཚོས་ལས་སྒོ་འཕེལ་རྒྱས་ཀྱི་དགོས་མཁོར་གཞིགས་ཏེ། རིག་ལྡན་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། གད་སྙིགས་རིགས་དབྱེར་དོ་དམ་དང་། རིག་ལྡན་སྐྱེད་ཚལ་དོ་དམ། རིག་ལྡན་སྡེ་ལས་དོ་དམ་ཉེར་སྤྱོད་མ་ལག་བཅས་འཛུགས་རྒྱུ་དང་། དུས་མཚུངས་ང་ཚོའི་སྟེགས་བུས་ཀྱང་གྲངས་འཛིན་གྲོང་ཁྱེར་དོ་དམ་ལས་སྟེགས་དང་གྲངས་གཞི་མཉམ་སྤྱོད་དང་ལས་སྒོ་མཐུན་སྦྱོར་ཡོང་བར་བྱས་ཏེ། གྲོང་ཁྱེར་འཁོར་སྐྱོད་དོ་དམ་གྱི་དྲ་བ་གཅིག་གིས་གཅིག་འདོམས་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སྟག་རྩེ་ཆུས་ཀྱི་གྲོང་ཁྱེར་འཁོར་སྐྱོད་དོ་དམ་ཞབས་ཞུའི་གནས་ཚུལ་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་དང་། འགུལ་རྣམ་དབྱེ་ཞིབ། གཅིག་གྱུར་འཆར་འགོད། བཀོད་འདོམས་ལྟ་སྐུལ། ཕྱོགས་བསྡུས་གདེང་འཇོག་བཅས་སྔ་ཙམ་ནས་མངོན་འགྱུར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་གོང་མཐོར་གཏོང་རྒྱུ་ཡིན་ཞེས་བཤད།(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-22 6 6 拉萨日报藏文 c181403.html 1 རིག་ལྡན་ཁོར་ཡུག་འཕྲོད་བསྟེན་མ་ལག་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་ལ་རོགས་རམ་བྱས་པ། /enpproperty-->