ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།ཟླ་5ཚེས་20ཉིན་གྱི་སྔ་དྲོར།རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཤའོ་ཡིའུ་ཚའེ་ཁྲེང་ཀོན་ཆུས་སུ་ཕེབས་ནས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་བ་རེད།ཁོང་གིས་མི་དམངས་གྲོང་ཁྱེར་མི་དམངས་ཀྱིས་འཛུགས་སྐྲུན་བྱེད་པ་དང་མི་དམངས་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་ཡིན་པ་མཐའ་འཁྱོངས་བྱས་ཏེ།ནུས་པ་ཆེ་བའི་གཅིག་གྱུར་འཆར་འགོད་དང་གནད་ལ་འཁེལ་བའི་སྒོ་ནས་ནུས་ཤུགས་བཏོན་ནས་གྲོང་ཁྱེར་གྱི་ནུས་པའི་ཞན་ཆ་གསབ་ཤུགས་ཆེ་རུ་གཏོང་བ་དང་གྲོང་ཁྱེར་གྱི་སྤུས་ཚད་ཞིབ་ཚགས་ངང་མཐོ་རུ་བཏང་ཐོག་གྲོང་མི་མང་ཚོཊ་ཀྱི་ཐོབ་སྣང་དང་།སྐྱིད་སྣང་།བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པའི་ནན་གསུངས་གནང་བ་རེད།
གྲོང་ཁྱེར་གྱི་འགོ་ཁྲིད་ལི་ཅང་ཤིན་དང་།ཀྲང་ཁྲུན་དབྱང་།ལུའུ་ཚུང་ཧྥུ།བློ་གསལ།ཀའོ་ཅུན།ལིའུ་ལེང་བཅས་ཚོགས་འདུར་ཞུགས་ཡོད།
ཤའོ་ཡིའུ་ཚའེ་སྔ་རྗེས་སུ་པེ་ཅིང་ནུབ་ལམ་དང་།ནོར་སྟོད་ཤར་ལམ།སྒང་སྟོད་ལམ་བཅས་སུ་ཕེབས་ནས་གྲོང་ཁྱེར་དོ་དམ་གྱི་རྨང་གཞིའི་སྒྲིག་བཀོད་དང་།སྔོ་འགྱུར་སྒྱུར་བཀོད་དང་ལས་གྲྭའི་འཛུགས་སྐྲུན་མྱུར་ཚད་ལ་ཡུལ་དངོས་སུ་གཟིགས་ཞིབ་གནང་བ་དང་འབྲེལ།ཡུལ་དངོས་སུ་ཆེད་དོན་ཚོགས་འདུ་འཚོགས་ནས་དཀའ་གནད་དང་འགག་གནད་ཀྱི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་གནང་བ་རེད། ཁོང་གིས་ཚད་གཞི་མཐོན་པོ་དང་སྤུས་ཚད་མཐོན་པོས་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ།སྒྲིག་འཛུགས་ལག་བསྟར་ལེགས་སུ་གཏོང་བ།ལྟ་སྐུལ་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱིས་ནུས་ཤུགས་ཡོད་རྒུས་ལས་གྲྭ་སྤུས་ལེགས་གཏོད་དགོས་པ་དང་།སྔོ་ལྗང་ལས་གྲྭ་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ནས་ཤིང་སོན་ར་བ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ་དུས་ཚིགས་མི་འདྲ་བར་མེ་ཏོག་བཞད་པའི་ཤིང་སོན་ཁག་གཅིག་སྐྱེད་སྲིང་བྱ་རྒྱུར་སྣང་ཆེན་བྱས་ནས་ལྷ་སར་དུས་བཞིར་མེ་ཏོག་བཞད་པ་དང་དུས་བཞིར་སྔོ་ལྗང་རྒྱུན་གནས་ཡོང་བར་བྱེད་དགོས་པ།མི་འགྲོ་སའི་ལམ་བུ་དང་།ལམ་སྒྲོན།བར་བཅད་ར་སྐྱོར་སོགས་གྲོང་ཁྱེར་གྱི་སྒྲིག་ཆས་གསར་བརྗེས་ལས་གྲྭ་མགྱོགས་མྱུར་ལག་བསྟར་བྱེད་པ་དང་།ལས་གྲྭའི་སྤུས་ཚད་ཐད་འགག་སྒོ་ནན་པོ་བཟོས་ནས་མཛེས་སྡུག་ལྡན་པ་དང་གཙང་ཞིང་གྲལ་འགྲིག་ལ་ཡུན་རིང་སྤྱོད་ཐུབ་པ་ཞིག་བྱེད་དགོས་པ།འགྲིམ་འགྲུལ་བརྡ་རྟགས་གློག་སྒྲོན་བཀོད་སྒྲིག་དང་དུས་ཚོད་བཀོད་སྒྲིག་སྔར་བས་ལེགས་སུ་བཏང་ནས་གྲོང་མི་མང་ཚོགས་ཀྱི་འགྲོ་སྐྱོད་སྔར་བས་བདེ་བླག་དང་སྔར་བས་བདེ་འཇགས་ཡོང་བར་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
དེ་རྗེས་ཤའོ་ཡིའུ་ཚའེ་ཡིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་གྲོང་ཁྱེར་འཛུགས་སྐྲུན་ལས་དོན་མགྱོགས་སུ་གཏོང་རྒྱུའི་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社