ཟླ་5ཚེས་18ཉིན། གནམ་མཚོའི་འགྲམ་ངོགས་སུ་སྦྲ་གུར་སྣ་ཚོགས་ཕུབ་ཡོད་ཅིང་། རྫོང(ཆུས)ཁག་གིས་རང་ཉིད་ཀྱི་ཁྱད་ལྡན་རིག་གནས་གསར་གཏོད་ཀྱི་ཐོན་རྫས་ཁྱེར་ནས་འདི་གར་སླེབས་ཡོད། 2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་ནང་ཞུགས་མཁན་གྱི་སྐུ་མགྲོན་དང་། ཡུལ་སྐོར་བ། མང་ཚོགས་བཅས་ཀྱང་དེ་གར་ལྷན་དུ་འཛོམས་ནས་གནམ་མཚོའི་དར་ཁ་ཕྱེ་བའི་ཉིན་མོར་ཐུན་མོང་ཐོག་རེ་སྒུག་བྱེད་བཞིན་ཡོད། ཉི་མ་ནུབ་རིའི་ཕང་བར་བཞུད་ལ་ཉེ་བའི་མཚམས་སུ་ལ་ཁའི་མཚམས་སྤྲིན་གནམ་མཚོའི་ངོས་སུ་འཕྲོས་ཤིང་། རོལ་དབྱངས་ཀྱི་འགྱུར་ཁུག་སྙན་མོ་ཞིག་ལྷང་ལྷང་དུ་གྲགས་བཞིན་མཆིས། འདམ་གཞུང་རྫོང་གིས་འཁྲབ་སྟོན་བྱས་པའི་གླུ་གར《དུས་བཞིའི་འབྲོག་གླུ》ཞེས་པའི་ཁྲོད་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་འགོ་ཚུཊ་ཡོད་ཅིང་། དེ་རྗེས་རྫོང(ཆུས)ཁག་གི་རིག་རྩལ་རུ་ཁག་གིས་གཅིག་རྗེས་གཉིས་མཐུད་ངང་ཁྱད་ཆོས་ལྡན་པའི་ཞབས་བྲོ་འཁྲབ་སྟོན་བྱས་ཡོད། འཁྲབ་སྟོན་གྱི་བར་གསེང་དུ་ལྟད་མོ་བ་རྣམས་གར་སྟེགས་ཐོག་བསྐྱོད་དེ་ཚང་མས་མེ་ཕུང་བསྐོར་ནས་སྒོར་གཞས་འཁྲབ་སྟེ་དགའ་སྤྲོའི་དཔལ་ལ་རོལ་ཡོད།
ཡུལ་སྐོར་བ་དབྱང་ལགས་ཀྱིས་གྲངས་ཉུང་མི་རིཊ་ཀྱི་གླུ་གར་གྱིས་ཡིད་དབང་འཕྲོག་ཅིང་། ལ་ཁའི་ཉི་མ་ཡང་ཧ་ཅང་མཛེས་པོ་འདུག ང་ཚོས་མཉམ་དུ་སྒོར་གཞས་འཁྲབ་པ་ཡིན། དེ་རིང་ནི་བརྗེད་པར་དཀའ་བའི་ཉིན་ཞིག་རེད་ཅེས་བཤད།
གར་སྟེགས་ཀྱི་ཕྱོགས་གཅིག་ནས་ལུག་ཤ་བསྲེགས་མའི་དྲི་ཞིམ་ལྷང་ལྷང་དུ་འཐུལ་གྱི་ཡོད་པས་ཚང་མས་བསྲེགས་ཐབ་བསྐོར་ནས་ལུག་ཤ་བསྲེགས་མའི་བྲོ་ཞིམ་མྱོང་བཞིན་ཡོད་ལ། ཐག་མི་རིང་བའི་སར་ལྟད་མོ་བ་ཚོས་རྒྱང་ཤེལ་བརྒྱུད་མཁའ་དབྱིངས་ཀྱི་སྐར་ཚོགས་ཀྱི་གསང་བ་འཚོལ་ཞིབ་བྱེད་བཞིན་ཡོད་པས། ཚང་མ་གནམ་མཚོའི་འགྲམ་ངོགས་སུ་དགའ་བདེའི་དཔལ་ལ་རོལ་བཞིན་ཡོད།
ཟླ་5ཚེས་19ཉིན་ནི་ཀྲུང་གོའི་ཡུལ་སྐོར་ཉིན་མོ་ཡིན་པ་དང་། ཉིན་དེ་ནི་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་རྩིས་པས་བརྟགས་པའི་གནམ་མཚོའི་དར་ཁ་ཕྱེ་བའི་ཉིན་མོ་ཞིག་ཀྱང་རེད། སྔ་དྲོའི་ཆུ་ཚོད་11དང་སྐར་མ་30ཡི་ཐོག 2024ལོའི་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་གོང་འཕེལ་ཚོགས་ཆེན་གྱི་གནམ་མཚོའི་དར་ཁ་ཕྱེ་བའི་མཛད་སྒོ་གནམ་མཚོའི་འགྲམ་ངོགས་སུ་འཚོགས་པ་རེད། གྲང་ངར་ཆེ་བའི་དགུན་དུས་ཤིག་བརྒྱུད་རྗེས་ལྷིང་འཇགས་ཀྱི་གནམ་མཚོར་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་ཡོད། གཉན་ཆེན་ཐང་ལྷའི་རི་རྒྱུད་དར་དཀར་གྱི་ཡོལ་བ་འདྲ་བའི་ཁ་བས་བཀླུབས་ཤིང་། རྒྱང་རིང་ནས་ཉེ་བར་བཅར་སྐབས་གནམ་མཚོ་ཕྱུག་མོ་ནི་མཐོན་མཐིང་སྔོན་མོ་ས་ལ་འཕོས་པ་ལྟར་སྔོ་ཞིང་དྭངས་ལ་མཛེས་སྡུག་ཡིད་དབང་འཕྲོག་པ་ཞིག་ཡོད། ཆུ་སྐྱར་གྱི་ཚོགས་རྣམས་མཚོ་ངོས་སུ་འཕུར་ལྡིང་གི་གར་ལ་རོལ་ཞིང་། མཚོ་འགྲམ་གྱི་ལྷ་གཡག་དཀར་པོ་རྣམས་ཀྲོང་ངེར་འགྱིང་ཡོད་ལ་གནམ་མཚོ་ཕྱུག་མོ་དང་གཉན་ཆེན་ཐང་ལྷའི་རི་རྒྱུད་བརྗིད་ཆགས་ཡིད་དུ་འོང་བ་ཞིག་ཡོད།
ཤང་ཀང་ནས་ཡོང་བའི་ཡུལ་སྐོར་བ་སྐུ་ཞབས་ཀྲོའུ་ལཊ་ཀྱིས་སྔོན་ཆད་དྲ་བ་བརྒྱུད་ནས་གནམ་མཚོ་མཛེས་པོ་ཡོད་པ་ཤེས་ཀྱི་ཡོད་མོད། དེ་རིང་ཡུལ་དངོས་སུ་སླེབས་སྐབས་གནམ་མཚོ་འདི་ཉིད་ཧ་ཅང་གི་མཛེས་པོ་འདུག དེས་མ་ཟད་དེ་རིང་དར་ཁ་ཕྱེ་བའི་ཉིན་མོའི་བྱེད་སྒོ་དང་འཕྲད་ནས་ངོ་མཚར་ཆེ་བའི་ཞབས་བྲོ་མཐོང་བྱུང་ལ་བོད་མི་དམངས་ཀྱི་འཚོ་བ་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་ཡོད་པའང་མཐོང་བྱུང་ཞེས་བཤད།
དར་ཁ་ཕྱེ་བའི་མཛད་སྒོ་དེ་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གཙོ་སྐྱོང་པ་ཀྲུའུ་ཤུན་དང་། པེ་ཅིང་སྲུང་སྐར་བརྙན་འཕྲིན་ལེ་ཚན་གྱི་གཙོ་སྐྱོང་པ་ཀྲང་ཀྲི་ཆང་། ཅང་སུའུ་སྲུང་སྐར་བརྙན་འཕྲིན་ལེ་ཚན་གྱི་གཙོ་སྐྱོང་པ་ཝང་ཞའོ་ཡ། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གཙོ་སྐྱོང་པ་ཕུར་སྒྲོན་བཅས་ཀྱིས་ཐུན་མོང་ཐོག་གཙོ་སྐྱོང་བྱས་པ་རེད། རིག་རྩལ་འཁྲབ་སྟོན་ཕུད། ད་དུང་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གཙོ་སྐྱོང་པ་ཀྲུའུ་ཤུན་དང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མི་དང་ཀྲུའུ་ཞི་གཞོན་པ། དཀར་མཛེས་ཀྲོའུ་རིག་གནས་རླུང་འཕྲིན་བརྙན་འཕྲིན་དང་ཡུལ་སྐོར་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་བཅས་ཡིན་པའི་ལིའུ་ཧུང་། གཞས་པ་གཡུང་དྲུང་རྒྱལ། གློག་བརྙན་འཁྲབ་སྟོན་པ་ཝང་ལི་ཁེ། ཀྲུང་གོའི་སྐབས་གཉིས་པའི་རྒྱང་སྒྲོག་གཙོ་སྐྱོང་ཁྲོད“གསུང་སྐད་སྙན་ཤོས་ཀྱི་བྱ་དགའ”ཐོབ་མཁན་བོད་ལྗོངས་སྲུང་སྐར་བརྙན་འཕྲིན་གྱི་གཙོ་སྐྱོང་པ་ཡེ་ཤེས་སྒྲོལ་མ་དང་། ལྷ་ས་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་གཙོ་སྐྱོང་པ་སུང་ཁྲུན་རུང་། བཀྲ་ཤིས་སྒྲོལ་མ་བཅས་ལྷ་སར་དགའ་ཞེན་དང་ལྷ་སའི་རིག་གནས་ཡུལ་སྐོར་ཐོན་ལས་དྲིལ་བསྒྲགས་བྱེད་མཁན་གྱི་ལྗོངས་ཕྱི་ནང་གི་གཙོ་རྒྱུན་སྨྱན་སྦྱོར་གྱི་གཙོ་སྐྱོང་པ་གྲགས་ཅན་དང་རིག་གནས་སྒྱུ་རྩལ་ལས་རིགས་ཀྱི་མི་སྣ་གྲགས་ཅན་ལ་ལྷ་སའི་རིག་གནས་ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་གཞུང་ཚབ་ཆེན་མོ་བའི་གདན་ཞུའི་དཔང་ཡིག་སྤྲད་པ་རེད།
འཁྲབ་སྟོན་པ་ཝང་ལི་ཁེ་ཡིས་ང་རང་ལོ་ལྟར་གནམ་མཚོར་ཡོང་ནས་ཡུལ་ལྗོངས་ཁག་གཅིག་པར་བླངས་ནས་ཚང་མར་མཉམ་སྤྱོད་བྱས་པ་ཡིན། བོད་ཀྱི་རིག་གནས་ཧ་ཅང་ཕུན་སུམ་ཚོགས་པས་ང་ཚོས་བསམ་གཞིགས་ཡག་པོ་བྱེད་པ་དང་། སློབ་སྦྱོང་ཡག་པོ་བྱེད་པ། ཤེས་རྟོགས་ཡག་པོ་བྱེད་འོས་པ་བཅས་མང་པོ་འདུག དྲིལ་བསྒྲགས་དང་ཁྱབ་གདལ་གྱི་གཞུང་ཚབ་ཆེན་མོ་བ་ཞིག་ཡིན་པའི་ངོས་ནས་ངས་ཀྱང་སློབ་སྦྱོང་མང་ཙམ་དང་ལྷ་ས་འདི་ཉིད་དྲིལ་བསྒྲགས་མང་ཙམ་བྱ་རྒྱུ་ཡིན་ཞེས་བཤད།
གནམ་མཚོ་དང་གཉན་ཆེན་ཐང་ལྷའི་བདེན་དཔང་འོག་མི་99ཡིས་ལུས་ལ་གཟབ་མཆོར་ལེགས་པར་སྤྲས་ཏེ་བོད་ལུགས་ཀྱི་གཉེན་སྟོན་བྱས་ཡོད། དེ་དང་ཆབས་ཅིག་རྒྱལ་ས་པེ་ཅིང་དུ་2024ལོའི“སེམས་པ་གཅིག་ཏུ་སྦྲེལ་བའི་ཅིང་བོད་རྟགས་ཅན”གྱི་ཡུལ་སྐོར་མེ་འཁོར་གཏོང་བའི་མཛད་སྒོ་པེ་ཅིང་འབབ་ཚུགས་ནུབ་མའི་འབབ་ཚུགས་དང་པོར་འཚོགས་བཞིན་ཡོད་ཅིང་། སྦྲེལ་མཐུད་བྱས་པ་བརྒྱུད་གནམ་མཚོས་དུས་སྐབས་འདི་ཉིད་བདེན་དཔང་བྱས་ཤིང་ཐག་རིང་ནས་ཡོང་བའི་སྐུ་མགྲོན་ལ་བསུ་བ་ཞུས་ཡོད།
བོད་ལུགས་གཉེན་སྒྲིག་མཛད་སྒོར་ཞུགས་མཁན་རྡོ་རྗེ་དབང་རྒྱལ་དང་ལྷ་མོ་སྒྲོལ་མས་དེ་སྔ་གནམ་མཚོ་དང་གཉན་ཆེན་ཐང་ལྷའི་མི་སེམས་འགུལ་བའི་བརྩེ་དུང་གི་གཏམ་རྒྱུད་གོ་མྱོང་ཡོད། དེ་རིང་དགའ་བའི་མི་དང་མཉམ་དུ་གནམ་མཚོའི་དར་ཁ་ཕྱེ་བའི་ཉིན་མོའི་བྱེད་སྒོའི་ནང་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ང་ཚོའི་བརྩེ་དུང་རྡོ་རྗེ་བྲག་ལས་བརྟན་པའི་རེ་བ་ཡོད་ཅེས་བཤད།(བྱམས་པ་ཚེ་རིང་དང་ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社