(པར་ངོས་དང་པོར་མཐུད)དེའི་རྗེས་སུ་ལོ་5བསྟུད་མར་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་མང་པོ་ཉོས་པ་དང་། 2021ལོར་ལྷ་ས་གྲོང་ཁྱེར་གྱི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ཕྱོགས་ཡོངས་ལ་ཁྱབ་ཡོད།
བཀྲ་ཤིས་ནོར་བུས་འབར་སྣུམ་ཅན་གྱི་སྤྱི་སྤྱོད་རླངས་འཁོར་ལ་འཛེར་སྒྲ་ཆེ་བ་དང་སྐྱིད་སྣང་དེ་ཙམ་དོད་པོ་མེད། དེ་བས་གལ་ཆེ་བ་ཞིག་ནི་འབར་སྣུམ་ཅན་གྱི་རླངས་འཁོར་ལ་དུ་བ་འབུད་འབོར་ཆེ་བས་འབྱུང་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད། ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་ལ་ཐཱན་ཕྱིར་འབུད་ཚད་ཉུང་བས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་ཐུབ་པ་དང་། སྡོད་བདེ་བའི་རང་བཞིན་ཆེ་བ། ཕྱིའི་རྣམ་པ་དར་སྲོལ་ཆེ་བ་བཅས་ཀྱི་ཐོག་ནས་གྲོང་ཁྱེར་དབར་འགྲོ་བསྐྱོད་བྱེད་དུས་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད།
ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཐོན་ལས་ཚོགས་པའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔའི་བར་ལྷ་ས་གྲོང་ཁྱེར་དུ་སྤྱི་སྤྱོད་རླངས་འཁོར་ཁྱོན་562ཡོད་ཅིང་། འགྲུལ་པ་མང་དུ་ཕྱིན་པ་དང་བསྟུན་ནས་མི་རིང་བར་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་40ལྷག་ཙམ་གཅིག་རྗེས་གཉིས་མཐུད་ངང་ལྷ་སར་འབྱོར་ནས་སྤྱོད་འགོ་ཚུགས་རྒྱུ་རེད།
ནུས་རྒྱུ་གསར་པའི་རླངས་འཁོར་མགྱོགས་མྱུར་ངང་ཁྱབ་གདལ་དུ་བཏང་བ།
ཉེ་ཆར། གསར་འགོད་པས་བོད་ལྗོངས་ལམ་སེང་སླེབས་ཡོང་རླངས་འཁོར་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔའི་བར་ཀུང་སི་དེས་ནུས་རྒྱུ་གསར་པའི་གློག་སྒུལ་བོགས་གཏོང་རླངས་འཁོར་200ལྷག་ཙམ་སྤྱོད་འགོ་ཚུགས་པ་དང་སྔོན་དཔག་བྱས་ན་ད་ལོ་གློག་སྒུལ་བོགས་གཏོང་རླངས་འཁོར་500སྤྱོད་རྒྱུ་རེད།
བོགས་གཏོང་རླངས་འཁོར་གཏོང་མཁན་ཁ་ལོ་བ་ནོར་བུས་གློག་སྒུལ་གླ་འཁོར་ཡག་པོ་འདུག གཉེར་སྐྱོང་གི་མ་གནས་གྲོན་ཆུང་ཐུབ་པ་དང་། རླངས་འཁོར་གཏོང་བདེ་བར་མ་ཟད། སྡོད་སྐབས་སྐྱིད་སྣང་འདོད་པ་ཞིག་འདུག གློག་སྒུལ་བོགས་གཏོང་རླངས་འཁོར་བཏང་ནས་ལོ་ཕྱེད་ལྷག་ཙམ་ཕྱིན་སོང་། ཚན་པས་ང་ཚོར་གློག་གསོག་ས་མཁོ་འདོན་བྱས་པས་ཧ་ཅང་སྟབས་བདེ་འདུག་ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རང་གྲོང་དུ་ནུས་རྒྱུ་གསར་པའི་གློག་སྒུལ་བོགས་གཏོང་རླངས་འཁོར་ཉུང་ཤས་ཕུད་བོགས་གཏོང་རླངས་འཁོར་མང་ཆེ་བ་ད་དུང་འབར་སྣུམ་ཅན་གྱི་རླངས་འཁོར་གྱི་ཁོངས་སུ་གཏོགས་ཀྱི་ཡོད་པ་རེད། བོགས་གཏོང་རླངས་འཁོར་གྱི་ཁ་ལོ་བ་རྒན་ཁྲེན་ལགས་ཀྱིས་ད་ལྟ་ཁོང་གིས་གཏོང་བའི་བོགས་གཏོང་རླངས་འཁོར་ནི་འབར་རླངས་ཅན་གྱི་རླངས་འཁོར་ཡིན་པ་དང་། བལྟོས་བཅས་ཀྱིས་བརྗོད་ན་གློག་སྒུལ་རླངས་འཁོར་ཅུང་ཡག་པ་དང་། གཉེར་སྐྱོང་གི་མ་གནས་དམའ་བ། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་བཅས་བྱེད་ཐུབ་ཀྱི་ཡོད་ཅེས་བཤད་པ་རེད། དྲ་འབོད་རླངས་འཁོར་གྱི་ཁ་ལོ་བ་རྒན་ལི་ལགས་ཀྱིས་ལོ་50ལྷག་ཙམ་ལ་སླེབས་པས་ལས་ཀ་འཚོལ་ཁག་པོ་འདུག དྲ་འབོད་རླངས་འཁོར་བཏང་ན་ཁྱིམ་གྱི་འགྲོ་གྲོན་ལ་ཁ་གསབ་བྱེད་ཐུབ་པར་མ་ཟད། དུས་ཚོད་ཀྱང་རང་དབང་ཡོད་ཅེས་བཤད།ད་ལོའི་ལོ་འགོར་ཁོང་གིས་གློག་སྒུལ་རླངས་འཁོར་ཞིག་ཉོས་ནས་ཆེད་མངགས་དྲ་འབོད་རླངས་འཁོར་དུ་སྤྱད་པ་རེད། ལྷ་ས་གྲོང་ཁྱེར་གྱི་ས་ཆ་མང་པོ་ཞིག་ཏུ་གློག་གསོག་ཆས་ཡོད་པས། དགོང་མོར་གློག་གསོག་པ་དང་ཉིན་མོར་རླངས་འཁོར་གཏོང་བར་ཧ་ཅང་སྟབས་བདེ་པོ་ཡོད་པ་རེད།
ནུས་རྒྱུ་གསར་པའི་རླངས་འཁོར་ཁྱབ་གདལ་དང་བེད་སྤྱོད་གཏོང་རྒྱུ་ནི་རྒྱལ་ཁབ་ཀྱི་འཐབ་ཇུས་དོན་འཁྱོལ་དང་། རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་བཅོས། ཐཱན་ཉུང་ཁོར་ཡུག་ལ་སྲུང་སྐྱོང་དང་དར་སྤེལ་བཅས་ཀྱི་བྱ་ཐབས་ནུས་ལྡན་ཞིག་རེད་ལ། འབྱུང་འཕྲོད་འགྲིམ་འགྲུལ་འཕེལ་རྒྱས་གཏོང་བའི་ལྡོག་མེད་ཀྱི་འཕེལ་ཕྱོགས་ཤིག་ཀྱང་རེད། ད་ཆ་དྲ་འབོད་གླ་འཁོར་ལ་མང་ཚོགས་ཀྱིས་དགའ་པོ་བྱེད་ཀྱི་ཡོད་པས་ནུས་རྒྱུ་གསར་པའི་དྲ་འབོད་གླ་འཁོར་ཁྱབ་གདལ་ཤུགས་ཆེན་བཏང་ཚེ། འགྲུལ་པ་ཚོར་སྔར་བས་འབྱུང་འཕྲོད་ཁོར་ཡུག་སྲུང་སྐྱོང་དང་སྐྱིད་སྣང་དོད་པའི་ཕྱིར་སྐྱོད་ཀྱི་ཞབས་འདེགས་ཞུ་ཐུབ་ལ། ལྷ་ས་གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་གྱི་འབྱུང་འཕྲོད་ཕྱིར་སྐྱོད་ཆུ་ཚད་ཀྱང་མཐོ་རུ་ནུས་ལྡན་གཏོང་ཐུབ། གསར་འགོད་པས་ལྷ་ས་གྲོང་ཁྱེར་འགྲོ་ལམ་སྐྱེལ་འདྲེན་དོ་དམ་ཅུས་ནས་ཤེས་རྟོཊ་བྱས་པར་གཞིཊ་ན། མིག་སྔར་ལྷ་ས་གྲོང་ཁྱེར་དུ་ནུས་རྒྱུ་གསར་པའི་དྲ་འབོད་གླ་འཁོར་2055ཡོད་པ་དེས་བརྒྱ་ཆ་59ཟིན་ཡོད།
གློག་སྒུལ་སྦག་སྦག་དང་རྐང་འཁོར་ལ་དགའ་པོ་བྱེད་མཁན་མང་བ།
འབྱུང་འཕྲོད་དང་། ཐཱན་ཉུང་། ནུས་རྒྱུ་གྲོན་ཆུང་། ཁོར་ཡུག་སྲུང་སྐྱོང་བཅས་ཀྱི་སྒོ་ནས་ཕྱིར་སྐྱོད་བྱ་རྒྱུ་དར་སྤེལ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་མང་དུ་བཏང་བའི་རྨང་གཞིའི་ཐོག་མཉམ་སྤྱོད་གློག་སྒུལ་སྦག་སྦག་འབོར་ཆེན་ཞིག་བཀོད་སྒྲིག་བྱས་ནས་ཕྱིར་སྐྱོད་ཞབས་ཞུའི་མཐའ་མའི་འགག་གནད་བསལ་ཡོད། ལམ་ཐག་ཉེ་བའི་ངོས་ནས་བརྗོད་ན་མཉམ་སྤྱོད་གློག་སྒུལ་སྦག་སྦག་གིས་གྲོང་མིའི་རྒྱུན་གཏན་གྱི་ཕྱིར་སྐྱོད་ལ་སྟབས་བདེ་ཆེན་པོ་བསྐྲུན་ཡོད།
ལྷ་སའི་གྲོང་མི་མཁྱེན་ལྡན་མ་ཀྲང་ལགས་ཀྱིས་ལྷ་ས་གྲོང་ཁྱེར་གྱི་ལྟེ་བར་རླངས་འཁོར་འགག་སླ་ཤོས་རེད། ངས་ཕྲུ་གུ་སློབ་གྲྭར་བསུ་སྐྱེལ་བྱེད་སྐབས་ཕལ་ཆེ་བར་གློག་སྒུལ་སྦག་སྦག་ཞོན་གྱི་ཡོད། བུ་མོ་ལྷ་ས་གྲོང་ཁྱེར་སློབ་ཆུང་དང་པོར་སློབ་གྲྭར་འགྲོ་གི་ཡོད་པས།གློག་སྒུལ་སྦག་སྦག་བཞོན་ནས་ཕྲུ་གུ་བསུ་སྐྱེལ་བྱེད་དུས་རླངས་འཁོར་འགག་པའི་གནད་དོན་དང་ཕྲུ་གུ་རྗེས་ལུས་ཐེབས་པའི་གནད་དོན་ལ་སེམས་ཁྲལ་བྱེད་དགོས་མིན་འདུག་ཅེས་བཤད།
གྲོང་མི་དབྱངས་ཅན་ནི་ཁྲོམ་གཟིགས་སྒང་གི་ཉེ་འགྲམ་དུ་ཚོང་ཁང་ཞིག་གཉེར་བཞིན་ཡོད་པ་དང་།ཁོང་གི་འགྲིམ་འགྲུལ་ཡོ་བྱད་ནི་གློག་སྒུལ་སྦག་སྦག་ཡིན་པ་རེད། ཁོང་གིས་པེ་ཅིང་དཀྱིལ་ལམ་དུ་ཉིན་ལྟར་མི་ཤིན་ཏུ་མང་བས་གློག་སྒུལ་སྦག་སྦག་ལ་བརྟེན་ནས་དངོས་ཟོག་སྐྱེལ་འདྲེན་བྱས་ན། རླངས་འཁོར་འགག་པའི་གནས་ཚུལ་མེད་ལ། རང་ཉིད་ཀྱི་གློག་སྒུལ་སྦག་སྦག་འགྲམ་དུ་མེད་པའི་སྐབས་སུ་ལམ་འགྲམ་གྱི་མཉམ་སྤྱོད་གློག་སྒུལ་སྦག་སྦག་སྤྱོད་ཀྱི་ཡོད་ཅེས་བཤད།
ཁོར་ཡུག་སྲུང་སྐྱོང་དང་སྟབས་བདེའི་གློག་སྒུལ་སྦག་སྦག་ཕུད་ད་ལྟ་མི་མང་པོ་ཞིག་གིས་རྐང་འཁོར་བཞོན་ནས་ཕྱིར་བསྐྱོད་རྒྱུར་དགའ་པོ་བྱེད་ཀྱི་ཡོད། གྲོང་མི་ཝང་ལགས་ནི་ལོ་རབས་དགུ་བཅུའི་ནང་སྐྱེས་པ་ཞིག་ཡིན་པ་དང་། ཁོང་གིས་རྒྱུན་དུ་རྐང་འཁོར་བཞོན་ནས་ལས་ཀར་འགྲོ་ཡི་ཡོད། ཁོང་གིས་ང་ཉིན་གང་གློག་ཀླད་ཀྱི་མདུན་དུ་ལས་ཀ་བྱས་ནས་སྡོད་ཀྱི་ཡོད།རྒྱུན་དུ་རྐང་འཁོར་བཞོན་ནས་ལས་ཀར་སྐྱོད་སྐབས་ཧ་ཅང་སྟབས་བདེ་འདུག་ལ་གཟུགས་པོར་སྦྱོང་བརྡར་ཡང་ཐེབས་ཀྱི་འདུག ལས་རོགས་མང་པོ་ཞིག་རྐང་འཁོར་བཞོན་ནས་ཕྱིར་བསྐྱོད་རྒྱུར་དགའ་བས་ཁོང་ཚོ་དང་མཉམ་དུ་རྐང་འཁོར་བཞོན་ནས་ལྷ་སའི་ཉེ་འཁོར་དུ་འཆམ་འཆམ་ལ་འགྲོ་གི་ཡོད་ཅེས་བཤད།
ལྷ་སའི་ཁྲོམ་གཞུང་གང་སར་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་དང་། རླངས་འཁོར་ཆུང་གྲས། གློག་སྒུལ་སྦག་སྦག་བཅས་མཐོང་རྒྱུ་ཡོད། འབར་རླངས་ཅན་གྱི་རླངས་འཁོར་གཏོང་བ་ནས་འབྱུང་འཕྲོད་ཕྱིར་སྐྱོད་ཀྱི་བར་དང་།ལུས་པོར་སྦྱོང་བརྡར་བྱེད་པ་ནས་རྒྱུན་དུ་རྐང་འཁོར་བཞོན་པ་དང་རྐང་ཐང་མར་སྐྱོད་པའི་བར་ཐཱན་ཉུང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དེ་གྲོང་མི་མང་པོའི་བྱ་སྤྱོད་དུ་གྱུར་པར་མ་ཟད། དར་སྲོལ་དང་རླབས་རྒྱུན་ཞིག་ཏུའང་གྱུར་ཡོད།(《བོད་ལྗོངས་ཉིན་རེའི་ཚགས་པར》གཞིར་བཟུང)(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社