分享按钮

(པར་ངོས་དང་པོར་མཐུད)གྲུབ་ཆ་གཙོ་བོར་སྙུང་དབྱིབས་རྒྱུ་ཆའི་མཛོད་ཁང་གཉིས་དང་ལྕགས་ཀྱི་སྒྲོམ་གཞིའི་གྲུབ་ཆའི་གཟན་ཆག་ལས་སྣོན་ཁང་སོགས་ཚུད་ཡོད། རྣམ་གྲངས་ཨར་ལས་བྱ་ཡུལ་དུ་ལས་དོན་མི་སྣས་ཚ་ཚ་འུར་འུར་ངང་ཨར་ལས་ཧུར་ཐག་བྱས་ཏེ། མཐའ་མའི་མཇུག་བསྡུའི་ལས་དོན་ལེགས་སྒྲུབ་བྱེད་བཞིན་ཡོད་པ་དང་། ཟླ་5པའི་ཟླ་མཇུག་ཏུ་ལས་མཇུག་འགྲིལ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་རྒྱུར་བརྩོན་ལེན་བྱེད་བཞིན་ཡོད།

སྙེ་མོ་རྫོང་ཞིང་ལས་གྲོང་གསེབ་ཅུས་རྣམ་གྲངས་འཛུགས་སྐྲུན་གཞུང་དོན་ཁང་གི་ལས་དོན་མི་སྣ་ཝུའུ་ཡ་ནན་གྱིས་སྙེ་མོ་རྫོང་གི་གཟན་ཆག་ལས་སྣོན་བཟོ་གྲྭའི་འཛུགས་སྐྲུན་རྣམ་གྲངས་ནི་གོང་རིམ་ཚན་པའི་རྒྱབ་སྐྱོར་འོག སྙེ་མོ་རྫོང་གིས་ས་གནས་དེ་གའི་མ་དངུལ་བསྡུ་སྒྲིལ་བྱས་ནས་ཁྱོན་མ་དངུལ་སྒོར་ཁྲི་1100བཏང་ཡོད། རྣམ་གྲངས་ཀྱིས་གཙོ་བོ་སྙེ་མོ་རྫོང་གི་གསོ་ཚགས་ལས་རིགས་འཕེལ་རྒྱས་ལ་འཕྲད་པའི་གཟན་ཆག་གི་དགོས་མཁོ་ཐག་གཅོད་བྱས་ཏེ།“རྒྱུ་ཆ་ཉོས་ནས་གསོ་ཚགས་བྱེད་པའི”དཀའ་ངལ་ལ་འགྱུར་ལྡོག་གཏོང་རྒྱུ་དང་། གསོ་ཚགས་ལས་རིགས་ཀྱི་ཐོན་སྐྱེད་མ་གནས་དམའ་རུ་བཏང་ནས་སྙེ་མོ་རྫོང་གི་གསོ་ཚགས་ལས་རིགས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྔར་བས་སྐུལ་འདེད་བཏང་སྟེ། ཐོན་ལས་སྦྲེལ་ཐག་གི་གདུབ་ཟུམ་རྣམ་པ་ཞིག་ཆགས་པར་བྱ་ཆེད་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

ཉེ་བའི་ལོ་ཤས་རིང་། སྙེ་མོ་རྫོང་གི་གསོ་ཚགས་ལས་རིགས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་། གསོ་ཚགས་ཀྱི་གཞི་ཁྱོན་ལོ་རེ་བཞིན་ཆེ་རུ་ཕྱིན་པ་དང་སྦྲགས། གཟན་ཆག་མཁོ་སྤྲོད་ཀྱི་འགལ་བ་དེ་བས་མངོན་གསལ་དོད་དུ་ཕྱིན་ཡོད། མིག་སྔར། འཛུགས་སྐྲུན་བྱེད་བཞིན་པའི་སྙེ་མོ་རྫོང་གི་གཟན་ཆག་ལས་སྣོན་བཟོ་གྲྭར་བྱ་དེ་དང་ཕག་པ། བ་ཕྱུགས་དང་ལུག་གི་གཟན་ཆག་ཐོན་སྐྱེད་སྒྲུབ་རིམ་ཇུས་འགོད་བྱས་ཡོད་ཅིང་། ལོའི་ཐོན་ཚད་ཏུན་30000དང་ཏུན་20000སོ་སོར་ཟིན་རྒྱུ་རེད། ཐོན་རྫས་བརྒྱ་ཆ་80ནང་ཁུལ་དུ་བེད་སྤྱོད་གཏོང་རྒྱུ་དང་། བརྒྱ་ཆ་20ཉེ་འཁོར་གྱི་རྫོང་དང་། ཆུས། དེ་བཞིན་བྲིན་འཚོང་ཐད་སྤྱོད་རྒྱུ་རེད། རྣམ་གྲངས་བསྐྲུན་རྗེས། སྙེ་མོ་རྫོང་གི་གསོ་ཚགས་ཐོན་ལས་སྦྲེལ་ཐག་གི་འགག་རྩའི་ལྷུ་ཚིགས་ཤིག་གསབ་རྒྱུ་དང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སླར་ཡང་སྟོབས་ཤུགས་གསར་པ་བསྣན་ནས་ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་ཡོང་རྒྱུར་སྔར་བས་སྐུལ་འདེད་གཏོང་རྒྱུ་རེད།

ཝུའུ་ཡ་ནན་གྱིས་རྣམ་གྲངས་དེ་བསྐྲུན་རྗེས་སྔོན་དཔག་ལྟར་ན་ཞིང་འབྲོག་མང་ཚོགས་དུད་ཚང་20ཡུན་རིང་ལས་ཞུགས་ཐུབ་པ་དང་།དུད་ཚང་རེར་ཉུང་མཐར་ཡང་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.5ཡན་ཟིན་རྒྱུ་རེད་ཅེས་བཤད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-19 6 6 拉萨日报藏文 c181133.html 1 /enpproperty-->