分享按钮

བདེ་ཡངས་གྲོང་ཚོས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་གློག་སྐུད་རྙིང་པར་སྒྱུར་བཀོད་བཏང་ནས་མང་ཚོགས་ཀྱིས་གློག་སྤྱོད་འགན་ལེན་བྱས་པ།

གྲོང་གསེབ་དར་རྒྱས་གཏོང་རྒྱུར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད། ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)ཏང་ལས་དོན་ཨུ་ལྷན་དང་སྣེའུ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་འགན་འཁྲི་ཕྲག་ཏུ་ཁུར་ནས་རིམ་པ་བཞིན་གོང་འོག་མཉམ་འགུལ་དོན་འཁྱོལ་བྱས་ཏེ།ལས་དོན་ཆུང་གྲས་ནས་འགོ་བཙུགས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་མང་ཚོགས་ཀྱི་སེམས་ནང་གི་གནད་དོན་ཆེ་གྲས་ཐག་གཅོད་བྱེད་རོགས་བྱས་ནས་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་གི་ཡོད་པ་རེད།

གློག་ཤུགས་ནི་གྲོང་གསེབ་དར་རྒྱས་གཏོང་བའི་སྐུལ་འདེད་གཏོང་ཆས་ཡིན་ལ་དམངས་འཚོ་དང་འབྲེལ་བ་ཡོད་པའི་དོན་ཆེན་ཞིག་ཀྱང་ཡིན། མང་ཚོགས་ཀྱི་གློག་སྤྱོད་བདེ་འཇགས་ཐག་གཅོད་བྱ་ཆེད། ཐོན་ལས་དར་རྒྱས་དང་། འབྱུང་ཁམས་འཚོ་སྡོད་ལ་འཚམ་པ། ཡུལ་སྲོལ་ཡ་རབས་ཅན། བཅོས་སྐྱོང་ནུས་ལྡན། འཚོ་བ་ཕྱུག་པོར་འགྱུར་བ་བཅས་ཀྱི་སྤྱིའི་བླང་བྱ་དོན་འཁྱོལ་བྱས་ནས་ཡོད་པ་བརྒྱད་ཀྱི་ཚད་གཞི་དང་བསྡུར་ནས་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་བཏང་བ་རེད། འདི་ལོ་སྣེའུ་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་བདེ་ཡངས་གྲོང་ཚོའི་གློག་སྐུད་སྒྱུར་བཀོད་ལས་གྲྭའི་རྣམ་གྲངས་བཀོད་སྒྲིག་ལག་བསྟར་བྱས་ནས་བདེ་ཡངས་གྲོང་ཚོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཆུ་ཚད་དང་གྲོང་མིའི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་ནས་གྲོང་ཚོ་དེའི་གློག་ཤུགས་མ་ལག་བདེ་འཇགས་དང་། བརྟན་པོ། བློས་འགེལ་ཆོག་པ་བཅས་ཀྱི་སྒོ་ནས་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་ཏེ། བདེ་ཡངས་གྲོང་ཚོའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བར་བྱས་པ་རེད། རྣམ་གྲངས་དེར་མ་དངུལ་བསྡོམས་འབོར་སྒོར་ཁྲི་1386.18བཏང་བ་དང་དེ་བསྐྲུན་ཟིན་རྗེས་བདེ་ཡངས་གྲོང་ཚོའི་དུད་ཚང་489ཡི་མི་1675ལ་ཕན་པ་ཐོབ་རྒྱུ་རེད།

བདེ་ཡངས་གྲོང་ཚོའི་ཁུལ་ཆུང་ཞིག་ཏུ་གསར་འགོད་པས་ས་བརྐོ་འཕྲུལ་འཁོར་ཞིག་གིས་སྔོག་འདོན་བྱས་པའི་གློག་སྐུད་མདོང་ལམ་རྒྱོང་བཞིན་ཡོད་པ་མཐོང་བྱུང་། དེ་ནི་བདེ་ཡངས་གྲོང་ཚོའི་གློག་སྐུད་སྒྱུར་བཀོད་ལས་གྲྭའི་ཁྲོད་ཀྱི་གནས་ཚུལ་ཞིག་རེད། དེ་དང་ཆབས་ཅིག་གྲོང་ཚོའི་ཚད་གཞི་མ་ལོན་པའི་གློག་ཤིང་དང་དམར་རྗེན་དུ་དོན་པའི་གློག་སྐུད་གང་སར་མཐོང་རྒྱུ་ཡོད་པས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཅུང་ཆེན་པོ་འདུག ད་ཐེངས་དམའ་གནོན་གློག་སྐུད་སྤྱི་ལེ་30ལྷག་ཙམ་དང་མཐོ་གནོན་གློག་ཆན་ཧྥུའུ་10ཡན་གྱི་གློག་སྐུད་སྤྱི་ལེ་4ལ་སྒྱུར་བཀོད་བྱ་རྒྱུ་རེད།

བདེ་ཡངས་གྲོང་ཚོའི་གློག་སྐུད་སྒྱུར་བཀོད་རྣམ་གྲངས་ཀྱི་འགན་འཁུར་བ་ལིའུ་ཅིན་ལུང་གིས་བདེ་ཡངས་གྲོང་ཚོའི་གློག་ཤུགས་སྒྱུར་བཀོད་རྣམ་གྲངས་དེ་2024ལོའི་ཟླ་3ཚེས་15ཉིན་ཨར་སྐུན་བྱེད་འགོ་ཚུགས་པ་དང་རྒྱུ་ཆ་ཚང་མ་ཉོ་སྒྲུབ་བྱས་ཟིན་པ་རེད། མིག་སྔར་ཨར་སྐྲུན་གྱི་མྱུར་ཚད་དེ་སྤྱིའི་ལས་གྲྭའི་གྲངས་འབོར་གྱི་བརྒྱ་ཆ་20ལེགས་གྲུབ་ཟིན་པ་དང་སྔོན་དཔག་བྱས་ན་ཟླ་5ཚེས་30ཉིན་ཁྱོན་ཡོངས་ནས་ལེགས་འགྲུབ་ཐུབ་རྒྱུ་རེད།

ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་ངང་དུས་བཀག་ལྟར་ཨར་སྐྲུན་ལེགས་སྒྲུབ་ཡོང་བར་བྱ་ཆེད། ཨར་སྐྲུན་ཕྱོགས་ཀྱིས་ཨར་ལས་འགོ་མ་ཚུགས་གོང་ཨར་ལས་མི་སྣར་གཅིག་གྱུར་གྱི་བདེ་འཇགས་ཤེས་བྱ་དང་རྩལ་ནུས་གསོ་སྦྱོང་བྱས་ནས་ཨར་ལས་ཁག་ཚད་ལྡན་དང་ཚད་མཐོའི་གཅིག་གྱུར་ཡོང་བའི་འགན་ལེན་བྱས་ཡོད། ལས་གྲྭ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ནང་ས་ཁོངས་རྒྱ་ཆེ་བ་དང་། མདོང་ལམ་སྒྱུར་བཀོད་རྙོག་འཛིང་ཆེ་བ། ཨར་སྐྲུན་དཀའ་གནད་ཆེ་བ་སོགས་ཀྱི་ཁྱད་ཆོས་ལ་དམིགས་ཏེ་ཨར་སྐྲུན་ཕྱོགས་ཀྱིས་ད་དུང་འགན་ནུས་སྡེ་ཚན་ཁག་སྒྲིག་འཛུགས་བྱས་ནས་ཡུལ་དངོས་སུ་རྩད་ཞིབ་ཐེངས་མང་བྱས་ཏེ་ཨར་ལས་ཇུས་གཞི་ཞིབ་ཚགས་སུ་བཏང་ནས་ཐོན་སྐྱེད་བདེ་འཇགས་ཀྱི་འགག་སྒོ་དང་སྤུས་ཚད་ལྟ་སྐུལ་གྱི་འགག་སྒོ་ནན་པོ་བཟོས་ཡོད་པ་རེད།

གློག་དྲའི་སྒྱུར་བཀོད་བྱས་པ་བརྒྱུད་གློག་ཤིང་མཐོ་པོ་བརྗེས་ཡོད་པ་དང་གློག་སྐུད་ཀྱང་གློག་རྒྱུན་གཅོད་བྱེད་དུ་བསྒྱུར་ཡོད་པས་གློག་སྤྱོད་ཤུཊ་ཆེ་བའི་དུས་སུ་གློག་ཤི་བའི་སེམས་ཁྲལ་བྱེད་མི་དགོས། སླད་ཕྱིན་གློག་སྤྱོད་དེ་བས་བདེ་འཇགས་དང་བློས་འགེལ་ཆོག་པ་དང་ང་ཚོའི་གྲོང་ཚོའི་རྣམ་པ་དེ་བས་མཛེས་པོ་ཡོང་རྒྱུ་རེད་ཅེས་གྲོང་མི་ཟླ་བ་ཆོས་སྐྱིད་ཀྱིས་བཤད།

བདེ་ཡངས་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་ཚེ་རིང་བསྟན་པས་2024ལོར་ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)སྣེའུ་ཁྲོམ་གཞུང་དོན་གཅོད་ཁང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ངེད་གྲོང་ཚོར་གློག་ཤིང་གསར་པ་དང་གློག་སྐུད་ཀྱང་གློག་རྒྱུན་གཅོད་བྱེད་དུ་བསྒྱུར་ནས་མང་ཚོགས་ཀྱི་གློག་སྤྱོད་གནད་དོན་ཐག་གཅོད་བྱས་པར་མ་ཟད། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་གསོན་ཤུགས་གསར་པ་བསྣན་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་གློག་ཤུགས་ཀྱི་འགན་ལེན་ཐུབ་ཡོད་ཅེས་བཤད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-18 6 6 拉萨日报藏文 c181103.html 1 བདེ་ཡངས་གྲོང་ཚོས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་ཀྱི་གློག་སྐུད་རྙིང་པར་སྒྱུར་བཀོད་བཏང་ནས་མང་ཚོགས་ཀྱིས་གློག་སྤྱོད་འགན་ལེན་བྱས་པ། /enpproperty-->