ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་16ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་16ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་ཨུ་རུ་སུའི་སྲིད་འཛིན་ཕུའུ་ཅིང་དང་ཁྱབ་ཁོངས་ཆུང་ངུའི་ཞལ་མོལ་གནང་བ་རེད།
དབྱར་དུས་ཀྱི་ཀྲུང་ནན་ཧའེ་རུ་རླུང་བུ་བསིལ་བསིལ་དུ་ལྡང་ཞིང་ཆུ་འོད་ལམ་ལམ་དུ་འཚེར་བཞིན་མཆིས། ཞི་ཅིན་ཕིང་གིས་དབྱིན་ཐའེ་ཟམ་པའི་མདུན་དུ་ཕུའུ་ཅིང་ལ་བསུ་བ་ཞུས་པ་རེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་ཕེབས་ཞོར་དུ་གླེང་མོལ་གནང་བ་དང་། བསིལ་ཁང་དང་ཐོག་ཁང་ལ་གཟིགས་པ། བྱ་དངོས་ཡོད་ཚད་ཀྱི་མཛེས་སྡུག་ལ་རོལ་མྱོང་གནང་བ་རེད།
ཞི་ཅིན་ཕིང་དང་ཕུའུ་ཅིང་ཆུ་འགྲམ་དུ་བཞུགས་ཏེ་ལྷན་དུ་ཞིམ་མངར་ལྡན་པའི་གསོལ་ཇ་བཞེས་ཤིང་། སོས་དལ་བག་ཕེབས་ཀྱི་སྒོ་ནས་ཐུན་མོང་ཐོག་དོ་ཁུར་བྱེད་པའི་འཐབ་ཇུས་རང་བཞིན་གྱི་གནད་དོན་ཐད་སྤེལ་རེས་གཏིང་ཟབ་གནང་བ་རེད།
ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་འཛམ་གླིང་ལ་ལོ་བརྒྱའི་རིང་བྱུང་མྱོང་མེད་པའི་འགྱུར་ལྡོག་ཆེན་པོ་འཕྲད་ནས་ཟང་ཟིང་གི་དུས་སྐབས་གསར་པ་ཞིག་ཏུ་སླེབས་ཡོད། རྒྱུན་ཆད་མེད་པར་འཕོ་འགྱུར་འགྲོ་བཞིན་པའི་རྒྱལ་སྤྱིའི་འགྱུར་ལྡོག་ཆེན་པོ་དང་། ཟང་ཟིང་ཆེན་པོའི་མདུན་དུ་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་འཐབ་ཇུས་ཀྱི་གདིང་ཤུགས་རྒྱུན་འཁྱོངས་བྱེད་ཀྱིན་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོའི་མི་དམངས་ཀྱིས་དཀའ་ངལ་དང་འགྲན་སློང་སྣ་ཚོགས་ཁྱད་བསད་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་ཧུར་ཐག་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སུ་དང་དེ་བཞིན་རྒྱལ་ཁབ་གཞན་དག་དང་མཉམ་དུ་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ཡང་དག་པའི་ཁ་ཕྱོགས་ལ་སྣེ་ཁྲིད་དང་། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱས་ནས། འཛམ་གླིང་ཞི་བདེ་དང་ཐུན་མོང་ཐོག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
ཕུའུ་ཅིང་གིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་ཀྱི་སྟོབས་ཤུགས་ལ་བཀག་འགོག་བྱེད་ཐབས་མེད་པ་དང་། སྟོབས་ཤུགས་གང་ཞིག་གིས་ཀྱང་ཀྲུང་གོའི་འཕེལ་རྒྱས་དང་ཡར་ཐོན་ལ་བཀག་འགོག་བྱེད་མི་ཐུབ། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་དང་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་གཞན་དག་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་སྤྱིའི་དྲང་གཞག་དྲང་བདེན་ལ་སྐུལ་འདེད་བཏང་ནས། དེ་བས་འདྲ་མཉམ་དང་སྣེ་མང་ཅན་གྱི་འཛམ་གླིང་ཞིག་བསྐྲུན་རྒྱུར་སྐུལ་འདེད་གཏོང་འདོད་ཡོད།
རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་ཡུག་རེན་གྱི་ཉམས་ཉེན་གནད་དོན་ཐད་དགོངས་འཆར་བརྗེ་རེས་གཏིང་ཟབ་གནང་བ་རེད།
ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱི་ཐོག་མཐའ་བར་གསུམ་གྱི་ལངས་ཕྱོགས་དང་། དེ་བཞིན་ཆབ་སྲིད་ཐོག་ནས་ཡུག་རེན་གྱི་ཉམས་ཉེན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་འབད་བརྩོན་བྱས་པ་རྒྱས་བཤད་གནང་བ་དང་། ཁོང་གིས་ནན་གསུངས་གནང་དོན། གནད་དོན་གལ་ཆེན་གང་རུང་ཞིག་ཐག་གཅོད་བྱེད་པར་ཡན་ལག་གི་གནད་དོན་ཐག་གཅོད་བྱེད་དགོས་ལ་གནད་དོན་གྱི་རྩ་བ་ཡང་ཐག་གཅོད་བྱེད་དགོས་པ་དང་། མིག་སྔའི་གནད་དོན་ལ་བསམ་བློ་གཏོང་དགོས་ལ་ཕུགས་ཀྱི་གནད་དོན་ལའང་བསམ་བློ་གཏོང་དགོས། ངས་གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་འགོ་བཏོན་དོན་གཙོ་བོ་ནི་ཐུན་མོང་དང་། ཕྱོགས་བསྡུས། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社