分享按钮

སློབ་མ་2250ཆུད་པའི་སྟོད་ལུང་བདེ་ཆེན་ཆུས་དམའ་རིམ་སློབ་འབྲིང་གཉིས་པ་བསྐྲུན་ཟིན་གྲབས་ཡོད་པ།

(པར་ངོས་དང་པོར་མཐུད)ཉིན་ཤས་གོང་གསར་འགོད་པ་སྟོད་ལུང་བདེ་ཆེན་ཆུས་དམའ་རིམ་སློབ་འབྲིང་གཉིས་པའི་འཛུགས་སྐྲུན་རྣམ་གྲངས་ཀྱི་ས་གནས་སུ་ཡོང་ནས་ཕྱོགས་བསྡུས་གཞུང་ལས་ཐོག་ཁང་དང་། སློབ་ཁྲིད་ཐོག་ཁང་། ཚོད་ལྟའི་ཐོག་ཁང་། སྒྱུ་རྩལ་ཐོག་ཁང་སོགས་ཐོག་ཁང་16མིག་མདུན་དུ་མངོན་གསལ་དོད་པོས་མངོན་ཞིང་། བཟོ་སྐྲུན་གྱི་ཉམས་འགྱུར་སྟབས་བདེ་དང་དེང་རབས་ཀྱི་རྣམ་པ་ཟབ་མོ་ལྡན་པས་ཁྱད་ཆོས་མངོན་གསལ་དོད་པའི་བར་མཐོངས་འཆར་འགོད་ཀྱི་རྣམ་པ་ཞིག་ཆགས་ཡོད་པ་མཐོང་བྱུང་། རྣམ་གྲངས་དེ་ད་ལྟ་འཛུགས་སྐྲུན་གྱི་མཐའ་མའི་དུས་མཚམས་སུ་སླེབས་ཡོད་པ་དང་། ཨར་ལས་མི་སྣས་རང་འགན་གཙང་སྒྲུབ་དང་ཕན་ཚུན་གཞོགས་འདེགས་བྱེད་པ། ལ་ལས་ས་ངོས་ཀྱི་རྡོ་ལེབ་འདིང་བཞིན་ཡོད་པ་དང་། ལ་ལས་ལས་སྒྲུབ་རླངས་འཁོར་བཏང་ནས་རྩིག་ངོས་གཙང་འཁྲུད་བྱེད་བཞིན་ཡོད་པ། ལ་ལས་དབོར་འདྲེན་རླངས་འཁོར་བཏང་ནས་རྐང་རྩེད་སྤོ་ལོའི་ཐང་དུ་མིས་བཟོས་རྩྭ་འདིང་བའི་གྲ་སྒྲིག་བྱེད་བཞིན་ཡོད་པ་སོགས་ཀྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པས་རྣམ་གྲངས་སྔ་ཙམ་ལས་མཇུག་འགྲིལ་རྒྱུ་དང་། སྔ་ཙམ་བེད་སྤྱོད་བྱ་རྒྱུ། སྔ་ཙམ་ཕན་འབྲས་ཐོན་རྒྱུ་བཅས་ལ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། སྟོད་ལུང་བདེ་ཆེན་ཆུས་དམའ་རིམ་སློབ་འབྲིང་གཉིས་པའི་འཛུགས་སྐྲུན་རྣམ་གྲངས་ཀྱི་འགན་འཁུར་བ་མིག་སྒྲོལ་གྱིས་མིག་སྔར་རྣམ་གྲངས་དེར་ཨར་ལས་བྱེད་མཁན་45ཡོད་པ་དང་གཙོ་བོ་ཆད་སྐྱོན་གསབ་པ་དང་འཕྲོད་བསྟེན་གཙང་སེལ་སོགས་ཀྱི་ལས་དོན་སྤེལ་བཞིན་ཡོད། ཟླ་5ཚེས་20ཉིན་ཐོག་མའི་ཞིབ་བཤེར་བྱ་རྩིས་ཡོད་ཅེས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། སྟོད་ལུང་བདེ་ཆེན་ཆུས་དམའ་རིམ་སློབ་འབྲིང་གཉིས་པ་ནི་སྟོད་ལུང་བདེ་ཆེན་ཆུས་ལྷ་གོང་ལམ་གྱི་ནུབ་ངོས་དང་། ནུབ་སྐོར་ལམ་གྱི་བྱང་ངོས། ལྷ་ས་སྒང་བདེ་གླིང་སྔོ་ཚལ་རྟེན་གཞིའི་ནང་དུ་གནས་ཤིང་། རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་22451.61བཏང་བ་རེད། རྣམ་གྲངས་དེའི་ཨར་ལས་བྱེད་མཁན་ཕྱོགས་ཀྱིས་མཇུག་སྒྲིལ་ལས་དོན་གྱི་མྱུར་ཚད་མགྱོགས་སུ་བཏང་ནས་དུས་བཀག་ལྟར་རྩིས་སྤྲོད་དང་བེད་སྤྱོད་བྱ་རྒྱུའི་འགན་ལེན་བྱས་ཏེ་སྒྲིག་ཆས་འཐུས་ཚང་དང་། ཁོར་ཡུག་མཛེས་པ། དགེ་རྒན་ཡག་པོ། འདུ་ཤེས་སྔོན་ཐོན་ཡིན་པ། སྤུས་ཚད་རྩེ་གྲ་བཅས་ཀྱི་སློབ་གྲྭ་ཞིག་བསྐྲུན་པ་དང་།སློབ་མ་ཚོར་སློབ་སྦྱོང་དང་འཚར་ལོངས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་པ། ཟམ་མི་ཆད་པར་སྟོད་ལུང་བདེ་ཆེན་ཆུས་ཀྱི་སློབ་གསོ་དེ་རིམ་པ་དེ་བས་མཐོ་བ་དང་། སྤུས་ཚད་དེ་བས་མཐོ་བ། ཆུ་ཚད་དེ་བས་མཐོ་བ་བཅས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ། མི་དམངས་མང་ཚོགས་ཀྱི་སྤུས་ལེགས་སློབ་གསོའི་རེ་སྒུག་སྐོང་རྒྱུ་བཅས་ཡིན་པ་རེད།

སྟོད་ལུང་བདེ་ཆེན་ཆུས་སློབ་གསོ་ཅུས(ལུས་རྩལ་ཅུས)ཀྱི་རྨང་གཞིའི་འཛུགས་སྐྲུན་གཞུང་དོན་ཁང་གི་ལས་དོན་མི་སྣ་བསོད་ནམས་བདེ་སྐྱིད་ཀྱིས་སྟོད་ལུང་བདེ་ཆེན་ཆུས་དམའ་རིམ་སློབ་འབྲིང་གཉིས་པར་འཛིན་གྲྭ་45ཡོད་པ་དང་སློབ་མ་2250ཆུད་ཀྱི་ཡོད། འཛུགས་སྐྲུན་བྱས་ཟིན་རྗེས་མིག་སྔའི་སྟོད་ལུང་བདེ་ཆེན་ཆུས་དམའ་རིམ་སློབ་འབྲིང་དང་པོའི་འཛིན་གྲྭའི་ནང་སློབ་མའི་གྲངས་འབོར་ཆེ་བའི་སྣང་ཚུལ་ཐག་གཅོད་ཐུབ་པས་སློབ་མར་སློབ་སྦྱོང་གི་ཁོར་ཡུག་དེ་བས་ལེགས་པ་མཁོ་འདོན་ཐུབ་ལ་དགེ་རྒན་ལའང་དེ་བས་སྤུས་ལེགས་ཀྱི་སློབ་ཁྲིད་ཀྱི་ཆ་རྐྱེན་མཁོ་འདོན་བྱེད་ཐུབ་པས་སྟོད་ལུང་བདེ་ཆེན་ཆུས་ཀྱི་སློབ་གསོའི་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། (ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-17 6 6 拉萨日报藏文 c181042.html 1 སློབ་མ་2250ཆུད་པའི་སྟོད་ལུང་བདེ་ཆེན་ཆུས་དམའ་རིམ་སློབ་འབྲིང་གཉིས་པ་བསྐྲུན་ཟིན་གྲབས་ཡོད་པ། /enpproperty-->