分享按钮

སྣེའུ་ཁུལ་གསར་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། སྣེའུ་ཁུལ་གསར་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ་རེད།

མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི་ཞིང་ཞོར་ཐོན་རྫས་ཁྲོམ་རའི་ཐང་ཆེན་དུ་གློག་འཕྲིན་གྱི་ཁ་བསླུས་ལ་ངོ་རྒོལ་དང་། དངུལ་རྩའི་ཁ་བསླུས་ལ་ངོ་རྒོལ། རྒན་གསོའི་ཁ་བསླུས་ལ་ངོ་རྒོལ་བཅས་བྱེད་པའི་འཁྲབ་སྟོན་གྱི་བྱེད་སྒོ་དངོས་སུ་འགོ་ཚུགས་ཤིང་། སྣེའུ་ཁུལ་གསར་སྤྱི་བདེ་ཡན་ལག་ཅུས་ཀྱི་མི་དམངས་ཉེན་རྟོག་པས《བོང་བུ་ཁྱོད་ལ་ཉལ་ལུགས་བཅོ་བརྒྱད་ཡོད་ན། སློང་མཁན་ང་ལ་སློང་ལུགས་བཅུ་དགུ་ཡོད》ཅེས་པ་དང་། 《ལྷ་སར་ཡོད་པའི་དགའ་རོགས》 《རྒྱལ་མོ་རྔུལ་ཆུའི་ངར་སྒྲ》སོགས་ལེ་ཚན་རེས་མོས་སུ་འཁྲབ་སྟོན་བྱས་ཏེ། མགོ་སྐོར་ལ་མི་ཚུད་པར་བྱེད་པའི་མང་ཚོགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་རེད།

གྲོང་མི་ལི་ལགས་ཀྱིས་དྲིལ་བསྒྲགས་ཀྱི་རྣམ་པ་དེ་རིགས་ཡག་པོ་འདུག ཁ་བསླུས་ལ་ངོ་རྒོལ་བྱེད་སྟངས་དེ་ལྟ་བུ་ཁྱིམ་ཚང་མང་པོར་ཁྱབ་ཐུབ་ཅིང་། དམངས་ཡོངས་ཀྱིས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་འགོག་སྲུང་གྱང་དེ་བས་ལེགས་པ་སྐྲུན་ཐུབ། སླད་ཕྱིན་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་བྱེད་སྒོ་མང་ཙམ་སྤེལ་རྒྱུའི་རེ་བ་ཡོད་ཅེས་བཤད།

བྱེད་སྒོའི་ཁྲོད། ཁ་བསླུས་ལ་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ལས་དོན་གྱི་མི་དམངས་ཉེན་རྟོག་པས་རྒྱུན་མཐོང་གི་ཁ་བསླུས་རྒྱག་སྟངས་ཀྱི་དྲི་བར་ལན་འདེབས་པའི་རྣམ་པ་དེ་བྱེད་སྒོའི་བར་གསེང་དུ་བཅུག་པས་མང་ཚོགས་ཀྱིས་ལན་ཧུར་ཐག་རྒྱག་གི་ཡོད་པ་རེད། སྣེའུ་ཁུལ་གསར་སྤྱི་བདེ་ཡན་ལག་ཅུས་ཀྱི་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་མི་དམངས་ཉེན་རྟོག་པ་ཚེ་རིང་བདེ་སྐྱིད་ཀྱིས་ཐེངས་འདིའི་བྱེད་སྒོར་ངེད་སྣེའུ་ཁུལ་གསར་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཇུས་འགོད་ཞིབ་ཚགས་བྱས་ཡོད་ལ། ཚང་མས་དགའ་པོ་བྱེད་པའི་རིག་རྩལ་འཁྲབ་སྟོན་དང་ཤེས་བྱར་ལན་འདེབས་པའི་རྣམ་པ་བརྒྱུད། ཚང་མས་འཁྲབ་སྟོན་ལ་ལྟ་ཞོར་དུ་རིགས་མི་འདྲ་བའི་ཁ་བསླུས་རྒྱག་སྟངས་དང་དེར་སྔོན་འགོག་བྱེད་སྟངས་སྐོར་སྔར་བས་རྒྱུས་ལོན་ཐུབ་ཡོད། སླད་ཕྱིན། མི་ཚོགས་མི་འདྲ་བར་དམིགས་ནས་ཁྱད་པར་ཅན་གྱི་དྲིལ་བསྒྲགས་ཐབས་ཇུས་བཟོས་ཏེ། ཚགས་པར་དང་དྲ་རྒྱ་སོཊ་སྨྱན་སྦྱོར་སྟེགས་བུ་བརྒྱུད་ནས་དྲིལ་བསྒྲགས་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་དང་། རོལ་རྩེད་ཀྱི་རྣམ་པ་སྤྱད་དེ། སྤྱི་དམངས་ཀྱི་ཁ་བསླུས་ལ་སྔོན་འགོག་བྱེད་པའི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་ཡིན་ཞེས་བཤད།(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-05-15 6 6 拉萨日报藏文 c180944.html 1 སྣེའུ་ཁུལ་གསར་སྤྱི་བདེ་ཡན་ལག་ཅུས་ཀྱིས་ཁ་བསླུས་ལ་ངོ་རྒོལ་བྱེད་པའི་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་བ། /enpproperty-->